རྒྱ་གར་དང་ཨོསི་ཊིརི་ཡ། ཕ་རན་སི་སོགས་འཛམ་གླིང་ས་ཕྱོགས་གང་སར་བོད་མི་རེ་ཟུང་གིས་རྐང་འཁོར་དང་སྦག་སྦག་སྐོར་སྐྱོད།མི་རྐྱང་གོམ་བགྲོད་བཅས་ཀྱི་ལམ་ནས་བློ་དགའ་རང་བཙན་ལ་རྗེས་དྲན་གྱི་ལས་འགུལ་སྤེལ་བཞིན་འདུག
བོད་མི་བློ་དགའ་རང་བཙན་ལགས་ཀྱིས་བོད་དོན་གྱི་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་པ་ནས་བཟུང་། འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ངོ་རྒོལ་སྐད་འབོད་དང་ཟས་བཅད་ངོ་རྒོལ་སོགས་ཀྱི་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་པ་དང་མཉམ། གང་ཟག་སྒེར་རེ་ཟུང་གིས་ཞི་བའི་གོམ་བགྲོད་དང་རྐང་འཁོར་སྐོར་བསྐྱོད། སྦག་སྦག་སྐོར་སྐྱོད་བཅས་ཀྱི་ལམ་ནས་བློ་དགའ་རང་བཙན་ལགས་ལ་རྗེས་དྲན་དང་རྒྱ་ནག་གཞུང་ལ་ངོ་རྒོལ། གནས་ཡུལ་རྒྱལ་ཁབ་ཁག་ཏུ་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་བཞིན་འདུག
དེ་ཡང་རྒྱ་གར་ཨ་རུ་ན་ཅཱལ་མངའ་སྡེའི་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པའི་བཟའ་མི་བསྟན་འཛིན་དབང་འདུས་ལགས་དང་། ཟླ་བ་ཆོས་སྒྲོན་ལགས་གཉིས་ཀྱིས་ཁུལ་དེ་ནས་འགོ་འཛུགས་ཀྱིས་རྒྱལ་ས་ལྡི་ལི་བར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཞིང་། བོད་མི་བློ་དགའ་རང་བཙན་ལགས་ཀྱིས་བོད་དོན་གྱི་ཆེད་དུ་བློས་གཏོང་གནང་བར་བལྟས་ན། ང་ཚོས་ལས་འགུལ་གང་ཞིག་བྱེད་མི་ཐུབ་པ་མིན་འདུག་པས། གཙོ་བོ་བོད་མི་རྣམས་སེམས་ཤུགས་མ་ཆགས་པར་ཚང་མས་མཐུན་སྒྲིལ་གྱིས་བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱས་ཚེ། བོད་རང་བཙན་རགས་མི་སྲིད་པ་ཡོད་མ་རེད་ཅེས་བསྟན་འཛིན་དབང་འདུས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་གི་འདུག་ལ། ཡོ་རོབ་ཀྱི་རྒྱལ་ཁབ་ཨོསི་ཊིརི་ཡ་ (Austria) ནང་གི་ལིནཛི་ (Linz) གྲོང་ཁྱེར་དུ་གནས་སྡོད་ཉི་མ་ཚེ་རིང་ལགས་ཀྱིས། བློ་དགའ་རང་བཙན་ལགས་ཀྱི་ཆེད་དུ་དམ་པ་ཁོང་གི་ཞག་ ༤༩ མ་ཟིན་བར་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ་དང་འབྲེལ། མང་ཚོགས་ནས་གནས་སྐབས་ཚ་ཚ་འུར་འུར་ཙམ་མིན་པར་མུ་མཐུད་ནས་དམ་པ་ཁོང་གི་ཁ་ཆེམས་སེམས་ལ་བཅངས་ཐོག་རྡོག་རྩ་གཅིག་སྒྲིལ་དང་མཐུན་སྒྲིལ་དགོས་གལ་ཆེ་བ་གསུང་གི་འདུག
གཞན་ཡང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཆགས་ནས་ཡིན་པ་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་ལ་དྭགས་ཀྱི་འཕགས་བོད་ས་མཚམས་བར་མི་རྐྱང་གི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་དང་། དེ་ནི་གཙོ་བོ་བློ་དགའ་རང་བཙན་ལགས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་རྗེས་དྲན་ཞུ་ཆེད་དང་། རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གཙོས་བོད་ནང་དུ་སྤེལ་བཞིན་པའི་སྲིད་བྱུས་དེ་དག་གིས་བོད་མིའི་སྐད་ཡིག་དང་ངོ་བོ་བཅས་པ་རྩ་མེད་གཏོང་བཞིན་ཡོད་པ་གསལ་སྟོན། བོད་མི་ཚོར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཐད་འགན་ཁུར་སྔར་ལྷག་བཞེས་དགོས་པའི་ཛ་དྲག་འབོད་སྐུལ་ཞུ་ཆེད་དུ་དམིགས་པ་ཞིག་ཡིན་པ་གསུངས་འདུག
ཧྥ་རན་སིར་གནས་སྡོད་ཆོས་དབྱིངས་ལགས་ཀྱིས་སྤྱི་ཚོགས་དྲྭ་ལམ་ཐོག སྐབས་རེ་བོད་ཀྱི་རྒྱལ་དར་ཆུང་ངུ་རེ་ཕྱི་རྒྱལ་མི་སེར་རྣམས་ལ་སྤྲད་པ་དང་། ཡང་སྐབས་རེ་ཤོག་བྱང་ཐོག་གལ་ཏེ་ཁྱེད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ན་ང་ལ་འཐམ་དང་ཞེས་བྲིས་པ་སོགས་རྣམ་པ་འདྲ་མིན་སྒོ་ནས་མི་རྐྱང་གི་ལས་འགུལ་སྤེལ་གྱི་ཡོད་པ་སྤྱི་ཚོགས་དྲྭ་ལམ་ཐོག་མངོན་རྒྱུ་འདུག་ལ། མི་མང་མོས་དོ་སྣང་བྱེད་བཞིན་ཡོད་པ་མངོན་རྒྱུ་འདུག
བོད་མི་ཙམ་མ་ཟད་ཡང་རྒྱ་གར་གྱི་ Youtube བརྙན་ཐུང་བཟོས་མཁན་ Sanjeet with TTI Study ཞུ་བའི་སྤྱི་ཚོགས་དྲྭ་ལམ་ཐོག ཕྱི་ཚེས་ ༢༦ ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་ ༧ པ་ནས་འགོ་འཛུགས་ཀྱིས་ X སྤྱི་ཚོགས་དྲྭ་ལམ་སྟེང་ #StandWithTibet དང་ #FreeTibet ཞེས་ (Hashtag) བེད་སྤྱོད་ཀྱིས་བོད་དོན་དྲིལ་བསྒྲགས་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་དེར་མང་ཚོགས་ནས་མཉམ་ཞུགས་དགོས་པའི་སྐུལ་མ་གནང་བཞིན་འདུག
རྩ་བའི་འཛམ་གླིང་ས་ཕྱོགས་གང་སར་བློ་དགའ་རང་བཙན་ལགས་ལ་རྗེས་དང་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སོགས་ད་ལྟའི་ཆར་སྤེལ་མུས་ཡིན་པ་རེད་འདུག་ལ། རྒྱ་གར་ནང་ཆར་དུས་ཀྱི་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༧ ནས་ ༣༡ བར་རྒྱ་གར་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་སླད་རྒྱལ་ས་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
