དཀའ་ཆེན་བློ་བཟང་ཤེས་རབ་མཆོག་གདན་ས་བཀྲིས་ལྷུན་པོའི་མཁན་རིན་པོ་ཆེར་ཁྲི་འདོན་ཞུས་པ།

བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་པོ་ཁྲི་ཐོག་དྲུག་པའི་ཁྲི་འདོན་གྱི་རྟེན་འབྲེལ་མཛད་སྒོ་ཚོགས་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༧ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་པོ་ཁྲི་ཐོག་དྲུག་པ་དཀའ་ཆེན་བློ་བཟང་ཤེས་རབ་མཆོག་གི་ཁྲི་འདོན་གྱི་རྟེན་འབྲེལ་མཛད་སྒོ་ཚོགས་གནང་ཡོད་པ་རེད།

ལ་དྭགས་ཟངས་དཀར་ནས་ཡིན་པའི་དཀའ་ཆེན་བློ་བཟང་ཤེས་རབ་མཆོག་བཀྲིས་ལྷུན་པོའི་མཁན་ཐོག་དྲུག་པར་ཁྲི་འདོན་ཞུས་པ། ༢༠༢༦།༠༧།༢༧
གདན་ས་བཀྲིས་ལྷུན་པོའི་མཁན་པོ་ཁྲི་ཐོག་དྲུག་པ་དཀའ་ཆེན་བློ་བཟང་ཤེས་རབ་མཆོག ལ་དྭགས་ཟངས་དཀར་ནས་ཡིན་པའི་དཀའ་ཆེན་བློ་བཟང་ཤེས་རབ་མཆོག་བཀྲིས་ལྷུན་པོའི་མཁན་ཐོག་དྲུག་པར་ཁྲི་འདོན་ཞུས་པ། ༢༠༢༦།༠༧།༢༧ (RFA Tibetan)

ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གདན་ས་བཀྲིས་ལྷུན་པོའི་དགོན་པ་དེ་ནི་བོད་དུ་ཐོག་མར་ཕྱི་ལོ་ ༡༤༤༧ ལོར་༧རྒྱལ་མཆོག་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པས་ཕྱག་བཏབ་གནང་བའི་དགོན་པ་ཞིག་ཡིན་ཞིང་། བྱེས་སུ་གདན་བཀྲིས་ལྷུན་པོའི་དགོན་པ་དེ་ནི་ཕྱི་ལོ་ ༡༩༧༢ ལོར་ཕྱག་བཏབ་གནང་སྟེ་ད་བར་ཆོས་སྡེ་འདིའི་མཁན་ཐོག་རིམ་པ་ལྔ་བྱོན་ཟིན་ཞིང་། ཉེ་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྡེ་འདིའི་དཀའ་ཆེན་བློ་བཟང་ཤེས་རབ་ལགས་སུ་མཁན་པོ་ཁྲི་ཐོག་དྲུག་པར་བསྐོ་གཞག་གི་ཕྱག་རྟགས་བཀའ་ཡིག་ཕེབས་པ་གཞིར་བཟུང་ཕྱི་ཟླ་ ༧ ཚེས་ ༢༧ ཉིན་མཁན་པོ་གསར་པའི་ཁྲི་འདོན་གྱི་རྟེན་འབྲེལ་མཛད་སྒོ་ཚོགས་གནང་ཡོད་པ་རེད།

མཁན་རིན་པོ་ཆེ་དཀའ་བློ་བཟང་ཤེས་རབ་ལགས་ཀྱིས། མཁན་པོའི་མཚན་ཐོགས་དུས་གཙོ་ཆེ་ཤོས་ཆོས་སྤྱོད་ཀྱི་བསླབ་པ་སློབ་གཉེར་ཡར་རྒྱས་གཏང་རྒྱུ་དང་། མདོ་སྔགས་ཟུང་འབྲེལ་གྱི་བཤད་སྒྲུབ་འཆད་ཉན་གོང་སྤེལ་བྱ་རྒྱུ་དེ་ནི་མཁན་པོའི་ལས་འགན་གཙོ་བོ་དེ་ཆགས་ཀྱི་ཡོད་པ་རེད། ཕྱོགས་མཚུངས་ང་ཚོ་བཀྲིས་ལྷུན་པོ་ལ་དམིགས་བསལ་གྱི་འགན་འཕར་མ་ཡོད་པ་དེ་ནི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་ཐབས་སུ་ཕྱོགས་མཐའ་ཁག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་བཅས་ལ་འབྲེལ་གཏུགས་ཀྱི་ལམ་སྟོན་ཞུས་ཏེ་ལས་འགུལ་སྤེལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཁྲི་འདོན་མཛད་སྒོའི་ཐོག་ཆོས་རིག་དྲུང་ཆེས་མཁན་པོ་གསར་པ་དཀའ་ཆེན་བློ་བཟང་ཤེས་རབ་མཆོག་ལ་མཎྜལ་འདེགས་འབུལ་ཞུས་པ། ༢༠༢༦།༠༧།༢༧
ཆོས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་མཁན་པོ་གསར་པར་མཎྜལ་འདེགས་འབུལ་ཞུས་པ། ཁྲི་འདོན་མཛད་སྒོའི་ཐོག་ཆོས་རིག་དྲུང་ཆེས་མཁན་པོ་གསར་པ་དཀའ་ཆེན་བློ་བཟང་ཤེས་རབ་མཆོག་ལ་མཎྜལ་འདེགས་འབུལ་ཞུས་པ། ༢༠༢༦།༠༧།༢༧ (RFA Tibetan)

དེ་བཞིན་བཀྲིས་ལྷུན་པོའི་མཁན་པོ་ཁྲི་ཐོག་ལྔ་པ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་མཁན་པོའི་མཛད་འགན་ལོ་བདུན་བཞེས་རིང་རང་ནུས་གང་ལྕོགས་ཀྱི་གྲྭ་ཚང་གི་བཤད་སྒྲུབ་ཆོས་སྤྱོད་སོགས་མིག་དཔེ་འོས་པའི་ཕྱག་ལས་གནང་བར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་ཡིད་རང་བསྔགས་བརྗོད་ཀྱི་བཀའ་ཡིག་ཅིག་ཕེབས་གནང་འདུག་ལ་དེའི་སྐོར་མཁན་ཟུར་གཟིག་རྒྱབ་རིན་པོ་ཆེ་མཆོག་གི་གསུངས་དོན་དུ། བཀའ་ཡིག་དེའི་ནང་ལ་གཙོ་བོ་དེ་བཤད་སྒྲུབ་ཆོས་སྤྱོད་དང་། དགོན་པའི་མཐུན་རྐྱེན་མཁོ་སྒྲུབ་བྱ་རྒྱུའི་གང་ཐུབ་ཐུབ་ཕྱག་ལས་གནང་བཞག་ཞེས་བཀའ་ཕེབས་ཡོད་པ་དང་། ད་བར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀྲིན་ཉག་གཅིག་དང་དགེ་འདུན་དམངས་གིས་མཉམ་རུབ་ཀྱི་བཀྲིན་ལ་བརྟེན་ནས་ད་བར་ལས་དོན་ཡག་པོ་བྱུང་པ་རེད། མ་འོངས་པར་ཡིན་ཡང་དེ་དེ་བཞིན་ཡོང་རྒྱུར་དཔེ་མ་སྲིད་པའི་རེ་བ་ཆེན་པོ་ཡོད། གང་ཡིན་ཟེར་ན་ད་ལྟའི་མཁན་རིན་པོ་ཆེ་ལྟ་བུ་ཆ་བཞག་ན་མདོ་སྔགས་གཉིས་དང་ལྷག་པར་དུ་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གང་ལ་ཡང་ཐོགས་པ་མེད་པའི་སྐྱེས་བུ་དམ་བསམ་གྱིས་མི་ཁྱབ་པ་ཞིག་མཁན་པོའི་ཁྲི་ལ་འབྱོར་བསྡད་པ་རེད། དེ་འདྲ་ཡིན་དུས་མཁན་རིན་པོ་ཆེ་སྐུ་ཁམས་བཟང་ཞིང་ཐུགས་ཀྱི་བཞེས་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་གི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ད་རེས་བཀྲིས་ལྷུན་པོའི་དཀའ་ཆེན་བློ་བཟང་ཤེས་རབ་ལགས་སུ་གྲྭ་ཚང་གི་མཁན་པོར་བསྐོ་བཞག་བྱུང་བར་གྲྭ་ཚང་དགེ་འདུན་པའི་ཁོངས་ནས་དཀའ་ཆེན་རྡོ་རྗེ་རྒྱལ་མཚན་ལགས་ཀྱིས། ང་རང་མཁན་རིན་པོ་ཆེའི་དགེ་ཕྲུག་ཅིག་ཡིན། མཁན་རིན་པོ་ཆེར་ཆ་བཞག་པ་ཡིན་ན་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་དངོས་གནས་ཀྱི་འདུལ་བའི་ཕྱག་བཞེས་ཉམས་ལེན་གནང་མཁན་ཞིག་ཡིན་པ་དང་ཁོང་མཁན་པོར་འོས་ཤིང་འཚམས་པ་ལྟར་མཁན་པོར་བསྐོ་བཞག་བྱུང་བར་ང་རང་ཡིན་ན་དགའ་སྤོབས་དང་སྤྲོ་བ་ཤུགས་ཆེན་པོ་བྱུང་ཞེས་གསུངས་བྱུང་། ཡང་བཀྲིས་ལྷུན་པོའི་ཚན་རིག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ལྷག་པ་ལགས་ཀྱིས་གསུང་དོན་དུ། མཁན་པོ་གསར་པ་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ཤེས་རབ་ལགས་ཁོང་མཁྱེན་རྒྱ་ཡངས་ཤིང་འདུལ་བ་འཛིན་པ་ཧ་ལས་པ་གཅིག་དང་མང་པོས་བསྔགས་བརྗོད་འོས་པ་ཞིག་རེད། རྒན་ཁོང་གི་མཛད་པ་འཕྲིན་ལས་བཀྲིས་ལྷུན་པོ་ཙམ་མིན་པར་ཕྱོགས་མང་པོར་ཁྱབ་ངེས་རེད་ལ་དེ་ལྟར་སྨོན་འདུན་ཡང་ཞུ་གི་ཡོད་ཅེས་གསུངས་བྱུང་།

ལ་དྭགས་ཟངས་དཀར་ནས་མཁན་པོ་གསར་པའི་ཡབ་ཡུམ་སྐུ་འཁོར་བཅས་པ་མཛད་སྒོར་ཞུགས་པ། ༢༠༢༧།༠༧།༢༧
མཁན་པོ་གསར་པའི་ཡབ་ཡུམ་སྐུ་འཁོར་བཅས་པ་མཛད་སྒོར་ཞུགས་པ། ལ་དྭགས་ཟངས་དཀར་ནས་མཁན་པོ་གསར་པའི་ཡབ་ཡུམ་སྐུ་འཁོར་བཅས་པ་མཛད་སྒོར་ཞུགས་པ། ༢༠༢༧།༠༧།༢༧ (RFA Tibetan)

མཁན་རིན་པོ་ཆེའི་ཁྲི་འདོན་མཛད་སྒོའི་ཐོག་མཁན་རིན་པོ་ཆེ་མཆོག་གི་ཡབ་ཡུམ་སྐུ་འཁོར་བཅས་ནང་མི་བདུན་ལ་དྭགས་ཟངས་དཀར་ནས་ཕེབས་གནང་འདུག་ལ། སྐབས་དེར་མཁན་རིན་པོ་ཆེ་མཆོག་གི་གཅེན་པོ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་གསུངས་དོན་དུ། དེ་རིང་ང་ཚོ་ནང་མི་ཚང་མ་ཧ་ཅང་དགའ་པོ་བྱུང་ལ་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀྲིན་དང་གྲྭ་ཚང་གི་མཐུན་འགྱུར་རྒྱབ་སྐྱོར་དང་དཀའ་ཆེན་བློ་བཟང་ཤེས་རབ་ལགས་རང་ཉིད་ཀྱིས་དཀའ་སྤྱད་འབད་བརྩོན་བྱེད་པ་ལ་བརྟེན་ནས་ཁོང་གྲྭ་ཚང་གི་མཁན་པོ་ཆགས་པ་རེད་ཅེས་གསུངས་གནང་བྱུང་།

བཀྲིས་ལྷུན་པོའི་མཁན་པོའི་ཁྲི་འདོན་མཛད་སྒོའི་ཐོག་གྲྭ་ཚང་ཁག་གི་མཁན་པོ་ཕྱག་མཛོད་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་དང་། གཞུང་ཞབས་ལས་ཟུར་དང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་པ། ས་གནས་ཀྱི་ལས་སྣེ་དང་དེ་བཞིན་ཕྱི་ནང་དད་ལྡན་སེར་མི་མང་མི་ཉུང་བ་ཞིག་བཅར་གནང་འདུག

པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། པདྨ་དངོས་གྲུབ།