ཕྱི་རྒྱལ་ནས་བོད་ཕྲུག་གཞོན་སྐྱེས་ཚོས་རྡ་སར་བོད་ཀྱི་རིག་གཞུང་སྦྱོང་བརྡར་ལ་ཞུགས་པ།

ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོངས་བྱུང་པའི་བོད་ཕྲུག་གཞོན་སྐྱེས་ཚོས་རྡ་སར་བོད་ཀྱི་རིག་གཞུང་སྦྱོང་བརྡར་བྱེད་བཞིན་པ།

ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོངས་བྱུང་པའི་བོད་ཕྲུག་གཞོན་སྐྱེས་ཚོས་རྡ་སར་བོད་ཀྱི་རིག་གཞུང་སྦྱོང་བརྡར་བྱེད་བཞིན་པ།

བར་ལམ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནས་བོད་པའི་གཞོན་སྐྱེས་མང་དག་ཅིག་ཕ་མས་ཁུར་བླངས་པ་དང་ཡང་འགའ་ཤས་སློབ་མ་རང་ཉིད་ཀྱི་འདོད་མོས་བཞིན་རྒྱ་གར་ནང་དུ་རྟེན་གཞི་བྱས་པའི་བོད་པའི་སློབ་གྲྭ་དང་དགོན་སྡེ་ཁག་ནང་། དབྱར་དུས་སློབ་གྲྭ་ཞེས་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས། ནང་པའི་ལྟ་གྲུབ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སོགས་ཀྱི་སྐོར་སློབ་སྦྱོང་གནང་གི་ཡོད་པ་བཞིན། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོངས་བྱུང་བའི་སློབ་མ་ ༡༥ ད་རེས་དབྱར་དུས་སུ་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པར་དབྱར་དུས་བོད་ཀྱི་ཟློས་གར་རིག་གཞུང་སྦྱོར་བརྡར་ནང་མཉམ་ཞུགས་གནང་འདུག

བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས། ཕྱི་རྒྱལ་དུ་གནས་སྡོད་བོད་པའི་སློབ་ཕྲུག་རྣམས་ནས་བོད་ཀྱི་སྐད་ཡིག་སྦྱོང་ཆེད་རྒྱ་གར་ནང་གོ་སྐབས་དང་ལས་གཞི་འདྲ་མིན་ཡོད་ཀྱང་། སྒྱུ་རྩལ་ཐོག་ལ་ཟུར་དུ་འཛིན་གྲྭ་མེད་པར་བརྟེན་དབྱར་དུས་བོད་ཀྱི་ཟློས་གར་རིག་གཞུང་གི་སྦྱོང་བརྡར་གོ་སྒྲིག་ཞུས་པ་དེ་ནི། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་ཕ་མ་རྣམས་ཀྱིས་འགན་རྐང་བཞེས་ཐོག་ཕྱི་ལོ་ ༢༠༢༣ ལོར་འགོ་འཛུགས་བྱས་པ་ཞིག་དང་། ད་ལྟའི་ཆར་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་པས། དེ་ནི་བོད་ཀྱི་སྒྱུ་རྩལ་མི་ཉམས་གོང་འཕེལ་ཐོག་ཕན་ཐོགས་ཆེ་བར་བརྟེན། བོད་ཀྱི་ཟློས་གར་ཚོགས་པའི་དགོས་པ་དང་དམིགས་ཡུལ་དང་མཐུན་གྱི་ཡོད་ཅེས་གསུང་གི་འདུག

བསྟན་འཛིན་མཁྱེན་ཆོས་ལགས་ཀྱིས་རོལ་དབྱངས་ལ་སྦྱང་པ་གནང་བཞིན་པ།
བོད་ཀྱི་ཟློས་གར་དུ་དབྱར་དུས་སྒྱུ་རྩལ་གྱི་སྦྱོང་བརྡར་གནང་བཞིན་པ། བསྟན་འཛིན་མཁྱེན་ཆོས་ལགས་ཀྱིས་རོལ་དབྱངས་ལ་སྦྱང་པ་གནང་བཞིན་པ། (RFA Tibetan)

ཨ་མི་རི་ཀ་ནས་ཡིན་པ་བསྟན་འཛིན་མཁྱེན་ཆོས་ལགས་ནི་ཆུང་དུས་ནས་གཞས་དང་ཟློས་གར་ལ་དབྱིངས་ཡོད་མཁན་ཞིག་ཡིན་དུས། དབྱར་དུས་བོད་ཀྱི་ཟློས་གར་རིག་གཞུང་སྦྱོང་བརྡར་ནང་མཉམ་ཞུགས་བྱས་པ་དེ་ནི་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། ཐེངས་དང་པོ་ཕ་མས་ངོ་སྤྲོད་གནང་ཞིང་། ཐེངས་གཉིས་པར་རང་ཉིད་ཀྱི་འདོད་མོས་ལྟར་མཉམ་ཞུགས་བྱས་ཡིན་ཞེས་གསུང་གི་འདུག་ལ། ཁོང་གིས་བོད་པའི་མི་འབོར་ཉུང་ཉུང་ཡོད་ཙང་རིག་གཞུང་བདག་ཉར་དགོས་གལ་ཆེ་བས། ཁོང་ལ་མཚོན་ན་བོད་སྐད་ཡག་པོ་ཤེས་པ་དེ་ཕ་མའི་བཀའ་དྲིན་ལ་བརྟེན་ནས་ཡིན་པས་གཙོ་བོ་སྐད་ཡིག་ཡག་པོ་ཤེས་པར་ཕ་མའི་འགན་ཆགས་ཀྱི་ཡོད་ཅེས་གསུང་གི་འདུག

ཨོསི་ཊརེ་ལི་ཡའི་གྲོང་ཁྱེར་མེལ་སྦོརཎ་ (Melbourne) ནས་ཡིན་པ་བསྟན་འཛིན་གཟི་གནོན་ལགས་ཀྱང་དབྱར་དུས་བོད་ཀྱི་ཟློས་གར་རིག་གཞུང་སྦྱོང་བརྡར་ནང་མཉམ་ཞུགས་གནང་བ་དེ་ཁོང་གི་ཨ་མ་ལགས་ཀྱིས་ངོ་སྤྲོད་གནང་བ་ཞིག་དང་ཁོང་གིས་བོད་མི་རྣམས་ཀྱི་བོད་ཀྱི་རིག་གཞུང་ཤེས་དགོས་གལ་ཆེ་ལ་བོད་ཀྱི་ཟློས་གར་ལ་དབྱིངས་དགོས་གལ་ཆེ་བ་གསུང་གི་འདུག

དབྱར་དུས་བོད་ཀྱི་ཟློས་གར་རིག་གཞུང་སྦྱོང་བརྡར་ནང་མཉམ་ཞུགས་གནང་མཁན་གྱི་སློབ་ཕྲུག་ ༡༥ ལས། བོད་རིགས་ ༡༤ དང་ཨིན་ཇིའི་མི་སེར་རོལ་དབྱངས་ཐོག་འབུམ་རམས་པའི་སློབ་སྦྱོང་གནང་བཞིན་པ་གཅིག་བཅས་ཡོད་པ་དེ་དག་ནི། ཨ་རི་ནས་ ༩། ཨིང་ལེནཌི་ནས་ ༢། ཨོསི་ཊརེ་ལི་ཡ་ནས་ ༡ ཨི་ཊ་ལི་ནས་ ༢ བཅས་ཡོད་པ་རེད།།

ཁ་སྣོན་གསར་འགོད་དང་། བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།