རྒྱལ་ས་ལྡི་ལིར་རྒྱ་གར་གྱི་ཆར་དུས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་གྲོས་ཚོགས་འཐུས་མི་ ༤༣ ལ་དོན་ཚན་ལྔ་ཅན་གྱི་བོད་དོན་ཞུ་གཏུག་གནང་འདུག
བོད་དོན་ཞུ་གཏུག་སྐབས་ཞུ་སྐུལ་དོན་ཚན་ལྔའི་ནང་གཙོ་བོ། རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ངོ་སྤྲོད་དང་དེའི་ཉེན་ཚབས་སྐོར་གྲོས་ཚོགས་ནང་དང་འབྲེལ་ཡོད་གྲོས་ཚོགས་ཀྱི་ཚོགས་ཆུང་ནང་གླེང་སློང་དགོས་པ་དང་། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་བཀོལ་སྤྱོད་ཀྱི་ཐོབ་ཐང་ཐོག་རྒྱབ་སྐྱོར་གནང་རྒྱུ། རྒྱ་ནག་གཞུང་གིས་རྒྱ་གར་ནང་ལ་གནས་སྡོད་བོད་མི་རྣམས་ཀྱི་མང་གཙོའི་རང་དབང་དང་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་པའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་རིགས་ལ་རྒྱ་གར་གཞུང་གིས་ངོ་རྒོལ་ཤུགས་ཆེ་གནང་དགོས་པ། རྒྱ་ནག་གཞུང་གིས་ཁྲིམས་འགལ་བཙན་བཟུང་མ་བྱས་གོང་བོད་འདི་ལོ་རྒྱུས་ཐོག་ནས་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པར་ངོས་འཛིན། བོད་རྒྱའི་དཀའ་རྙོག་འབྲེལ་མོལ་གྱི་ལམ་ནས་སེལ་སླད་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམས་ལ་འབོད་སྐུལ་ཞུ་རྒྱུ་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་རྒྱ་གར་གཞུང་གིས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་བཅས་དོན་ཚན་ལྔའི་ཐོག་ཞུ་སྐུལ་གནང་ཡོད་པ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

སྤྱི་འཐུས་རྣམས་ཀྱི་བོད་དོན་ཞུ་གཏུག་གནང་སའི་རྒྱ་གར་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་དང་བཀའ་མོལ་བྱུང་བ་དེས་ཕྱོགས་གཉིས་དབར་བསམ་ཤེས་དང་མཉམ་ལས་གོང་འཕེལ་ཡོང་བར་ཕན་ཐོགས་བྱུང་ཡོད་ཅིང་། རྒྱ་གར་ནི་བོད་མི་རིགས་ཀྱི་གཏན་གྲོགས་ཤིག་ཡིན་ཞིང་། རྒྱ་གར་དང་བོད་པའི་སྤྱི་ཚོགས་དབར་འགྱུར་བ་མེད་པའི་འབྲེལ་བ་ཞིག་ཡོད་པ་སོགས་གསུངས་འདུག དེ་ཡང་གྲོས་ཚོགས་འོག་མའི་འཐུས་མི་ཀེ་ཤབ་རེ་ཌི་ སུ་དྷ་ཀར་ (Keshavareddy Sudhakar) ལགས་ཀྱིས། རྒྱ་གར་གྱིས་ལོ་ངོ་མང་པོའི་རིང་བོད་མི་རྣམས་ལ་སྐྱབས་བཅོལ་གྱི་གནས་བབ་གནང་སྟེ་བྱམས་སྙིང་རྗེ་དང་ཞི་བདེ། མང་གཙོ། རིག་གཞུང་སྲུང་སྐྱོབ་བཅས་ཀྱི་རིན་ཐང་མཐོར་འདེགས་བྱས་པ་སོགས། རྒྱ་གར་ནི་བོད་མི་རིགས་ཀྱི་གཏན་གྲོགས་ཤིག་ཡིན་ཞིང་། རྒྱ་གར་དང་བོད་པའི་སྤྱི་ཚོགས་བར་གྱི་འགྱུར་བ་མེད་པའི་འབྲེལ་བ་དེ་ནི། ང་ཚོའི་མཉམ་སྤྱོད་དཔལ་ཡོན་གྱི་བསམ་བློ་དང་། འགྲོ་བ་མིའི་རིགས་ཀྱི་སྙིང་རྗེའི་བསམ་པ་བཅས་ཀྱི་མཚོན་རྟགས་ཤིག་ཡིན་ཞེས་དང་། ང་རང་ཀར་ན་ཊ་ཀ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས། མངའ་སྡེ་དེ་བཞིན་ལོ་ངོ་དྲུག་ཅུ་ལྷག་རིང་བོད་མི་སྐྱབས་བཅོལ་བའི་སྤྱི་ཚོགས་ཆེ་ཤོས་གནས་སྡོད་བྱེད་བཞིན་པར་སྤོབས་པ་ཡོད་ཅེས་གསུངས་འདུག་ལ། གྲོས་ཚོགས་གོང་མའི་འཐུས་མི་གྷུ་ལམ་ཨ་ལི་ ཁ་ཏ་ན་ (Ghulam Ali Khatana) ལགས་ཀྱིས། བོད་མི་མང་སྤྱི་འཐུས་རྣམ་པ་དང་བཀའ་མོལ་བྱུང་བ་དེས་ང་ཚོའི་དབར་ཕན་ཚུན་བསམ་ཤེས་གོང་སྤེལ་ཐོག མཉམ་ལས་དང་ཐུན་མོང་གི་མང་གཙོའི་གལ་ཆེའི་རང་བཞིན་བསྐྱར་འདོན་བྱེད་ཀྱི་ཡོད་ཅེས་གསུངས་འདུག་ལ། གྲོས་ཚོགས་འོག་མའི་འཐུས་མི་རཱམ་པྲིཏ་ མཎྜལ་ (Ramprit Mandal) ལགས་ཀྱིས། བསམ་ཚུལ་བརྗེ་རེས་འདིས་ཕན་ཚུན་མཉམ་ལས་དང་། མཛའ་བརྩེ། མང་གཙོའི་རིན་ཐང་བཅས་ཤུགས་ཆེ་རུ་བཏང་ཡོད་ཅེས་གསུངས་འདུག

ཟླ་ ༧ ཚེས་ ༢༧ ནས་འགོ་འཛུགས་གནང་བའི་བོད་དོན་ཞུ་གཏུག་གནང་མཁན་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྣེ་ཁྲིད་པའི་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་ཆུང་གིས། རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་གང་མང་མཇལ་འཕྲད་ཐུབ་ཐབས་སུ་སྡེ་ཚན་གཉིས་སུ་ཆ་བགོས་ཀྱིས་བོད་དོན་ཞུ་གཏུག་གནང་སྟེ། གྲོས་ཚོགས་འཐུས་མི་བརྒྱ་ལྷག་ཐུག་འཕྲད་ཐུབ་པའི་གྲ་སྒྲིག་གནང་འདུག་ཀྱང་། ཉེ་ལམ་རྒྱལ་ས་ལྡི་ལིས་གཙོས་པའི་རྒྱ་གར་གྱི་ས་གནས་ཁག་ཅིག་ཏུ་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་སློབ་ཕྲུག་གི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་བྱུང་བའི་རྐྱེན་གྱིས། གྲོས་ཚོགས་རྒྱུན་ལྡན་ལྟར་འཚོགས་མ་ཐུབ་པ་མ་ཟད། གཞུང་འཛིན་དང་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚང་མ་བྲེལ་འཚུབ་ངང་གནས་ཏེ། སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་ཆུང་གི་ཐོག་མའི་དམིགས་ཡུལ་ལྟར་གྲོས་ཚོགས་འཐུས་མི་བརྒྱ་མཇལ་འཕྲད་ཐུབ་པར་སྟབས་བདེ་མ་བྱུང་པ་གསུང་གི་འདུག
གཞན་ཡང་ཟླ་ ༨ ཚེས་ ༡ ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱིས། རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས་ཀྱི་འཐུས་མི། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། ཆོས་ཕྱོགས་ཀྱི་དབུ་ཁྲིད། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལག་བསྟར་བྱེད་འགོ་བཙུགས་པ་དང་འབྲེལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། བོད་རྒྱའི་རྩོད་རྙོག་ཞི་བའི་ལམ་ནས་སེལ་དགོས་པའི་དགོས་འདུན་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་དོན་ཚན་བརྒྱད་ཅན་གྱི་ཡོངས་ཁྱབ་འབོད་སྐུལ་ཞུས་ཏེ། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཛ་དྲག་གི་གདོང་ལེན་གནང་དགོས་ཤིང་། བློ་དགའ་རང་བཙན་ལགས་ཀྱིས་བོད་དོན་གྱི་ཆེད་དུ་རང་ལུས་མེར་བསྲེགས་གནང་བའི་གནད་དོན་ལས་བོད་ཀྱི་ཆེས་ཛ་དྲག་པའི་གནས་སྟངས་གསལ་སྟོན་ཐུབ་ཅེས་གསུངས་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
