རྒྱལ་ཚོགས་ཀྱི་ཡ་ལན་མེད་པ་གསལ་སྟོན་ཆེད་ངག་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

བཞུགས་སྒར་རྡ་སར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཞེས་ངག་བཅད་ཀྱི་ལས་འགུལ་ཞིག་སྤེལ་སོང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་སྣང་མེད་དུ་བཏང་པར་ངོ་རྒོལ་གྱི་ཆེད་རྡ་རམ་ས་ལར་ངག་བཅད་ཀྱི་ལས་འགུལ་ཞིག་སྤེལ་སོང་།

རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལག་བསྟར་དང་། བློ་དགའ་རང་བཙན་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་བསྲེགས་གནང་ནས་ཟླ་བ་གཅིག་ཡན་འགྲོ་བཞིན་ཡོད་ཀྱང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནས་ཚུལ་དེ་ལ་ཡ་ལན་ཡག་པོ་མེད་པར་སྣང་མེད་བཏང་བར་ངོ་རྒོལ་བྱེད་ཆེད། བཞུགས་སྒར་རྡ་སར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག (Silent Protest) ཞེས་ངག་བཅད་ཀྱི་ལས་འགུལ་ཞིག་སྤེལ་སོང་།

ལས་འགུལ་དེའི་དགོས་འདུན་གཙོ་བོ་གསུམ་ཡོད་པ་ནི། རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལ་ངོས་ལེན་མེད་ཅིང་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁྲིམས་དེ་བཞིན་ལག་བསྟར་མཚམས་འཇོག་ཐད་རྒྱ་ནག་གཞུང་ལ་ཤུགས་གནོན་སྤྲོད་དགོས་པ་དང་། བློ་དགའ་རང་བཙན་ལགས་ཀྱི་རང་ལུས་མེར་བསྲེགས་གནང་བའི་གནད་དོན་དེར་རྒྱ་ནག་གཞུང་གིས་འགན་འཁུར་དགོས་པ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་བློ་དགའ་རང་བཙན་ལགས་ཀྱིས་བློས་བཏང་གནང་བ་དང་འབྲེལ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་འཛམ་གླིང་ས་ཕྱོགས་གང་སར་ལས་འགུལ་སྣ་མང་སྤེལ་བཞིན་པ་དེ་དག་ལ་སྣང་མེད་དུ་མ་འཇོག་པར་དོན་དང་ལྡན་པའི་ཡ་ལན་གནང་དགོས་པ་བཅས་ཡིན་ཞེས། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་སྒྲོལ་མ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བོད་ཀྱི་དབུས་བེུད་ལྷན་ཚོཊ་ཀྱི་གོ་སྒྲིག་འོག་ངག་བཅད་ངོ་རྒོལ་གནང་པ། ༢༠༢༦།༨།༦
རྡ་སར་ངག་བཅད་ངོ་རྒོལ་གནང་པ། བོད་ཀྱི་དབུས་བེུད་ལྷན་ཚོཊ་ཀྱི་གོ་སྒྲིག་འོག་ངག་བཅད་ངོ་རྒོལ་གནང་པ། ༢༠༢༦།༨།༦ (RFA Tibetan)

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་མགྲིན་ཚབ་པས་ཟླ་ ༧ ཚེས་ ༡༠ ཉིན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལན་འདེབས་གནང་པའི་ནང་། མི་སྒེར་དང་སྤྱི་མང་གི་ཚོགས་སྡེ་གང་ཞིག་ཡིན་རུང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཐད་ཞུ་གཏུག་དང་གོ་བསྡུར་བྱེད་པའི་བརྒྱུད་རིམ་སྣ་མང་ཡོད་པ་སྟེ། དམིགས་བསལ་ལས་དོན་གྱི་བརྒྱུད་རིམ་ཆེད་འགོད་འབུལ་དང་། འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ལ་ཞུ་སྙན་འབུལ་བའི་ལམ། རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཀྱི་འགྲོ་ལུགས་བཅས་ཡོད་པ་རེད་ཅེས་གསུངས་འདུག་ལ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱིས་བོད་མིའི་ཐོབ་ཐང་དང་མི་རིགས་སོ་སོའི་ངོ་བོ་རྣམས་རང་དབང་གི་སྒོ་ནས་གསལ་སྟོན་བྱེད་རྒྱུའི་རང་དབང་ཚུད་པའི་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་གི་ཐོབ་ཐང་ཐད་མུ་མཐུད་འཐབ་རྩོད་བྱེད་ཀྱི་རེད་ཅེས་གསུངས་པ་དང་མཉམ། འབྲེལ་ཡོད་ཚང་མར་རང་ཉིད་ལ་གནོད་པའི་ཚེ་སྲོག་དོར་བའི་ལས་འགུལ་ལ་མ་འཇུག་རོགས་ཞེས་འབོད་སྐུལ་གནང་གི་འདུག་ལ། འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་ཕྱི་ཟླ་ ༨ ཚེས་ ༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ལ་དེ་འབྲེལ་ཕྱག་བྲིས་ཕུལ་ཡོད་ཀྱང་ད་བར་ལན་འདེབས་གང་ཡང་མ་བྱུང་།

གཞན་ཡང་ཟླ་ ༨ ཚེས་ ༦ ཉིན་རྒྱ་གར་ཨ་རུ་ན་ཅཱལ་མངའ་སྡེའི་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པའི་བཟའ་མི་བསྟན་འཛིན་དབང་འདུས་ལགས་དང་། ཟླ་བ་ཆོས་སྒྲོན་ལགས་གཉིས་ཀྱིས་ཁུལ་དེ་ནས་འགོ་འཛུགས་ཀྱིས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་ཉིན་གྲངས་ ༡༥ རྗེས་བཞུགས་སྒར་རྡ་རམ་ས་ལར་འབྱོར་སོང་བ་དང་། བསྟན་འཛིན་དབང་འདུས་ལགས་ཀྱིས་ལས་འགུལ་འདིའི་བརྒྱུད་བོད་མི་རྣམས་ཀྱིས་བློ་དགའ་རང་བཙན་ལགས་ཀྱི་བློས་བཏང་གནང་བ་དེ་ཆུད་ཟོས་སུ་མ་འགྲོ་བའི་ཆེད་དུ་ལས་འགུལ་སྤེལ་མཚམས་འཇོག་རྒྱུ་ཡོད་མ་རེད་ཅེས་གསུང་གི་འདུག

མེའོ་ཆོས་འཕེལ་གླིང་ནས་རྡ་ས་བར་གྱི་འཕྲུལ་རྟ་སྐོར་སྐྱོད་པ་བསྟན་འཛིན་དབང་འདུས་ལགས་བཟའ་མི་གཉིས་ལ་ཚོཊ་སྐྱིད་ཁག་གིས་དགའ་བསུ་ཞུས་པ། ༢༠༢༦།༨།༦
མེའོ་ཆོས་འཕེལ་གླིང་ནས་རྡ་ས་བར་གྱི་འཕྲུལ་རྟ་སྐོར་སྐྱོད་མཇུག་སྒྲིལ་བ། མེའོ་ཆོས་འཕེལ་གླིང་ནས་རྡ་ས་བར་གྱི་འཕྲུལ་རྟ་སྐོར་སྐྱོད་པ་བསྟན་འཛིན་དབང་འདུས་ལགས་བཟའ་མི་གཉིས་ལ་ཚོཊ་སྐྱིད་ཁག་གིས་དགའ་བསུ་ཞུས་པ། ༢༠༢༦།༨།༦ (RFA Tibetan)

ཁོང་བཟའ་མི་གཉིས་ཀྱི་ལས་འགུལ་དེས་ཉིན་ ༡༥ རིང་རྒྱ་གར་གྱི་མངའ་སྡེ་ ༦ ཙམ་ལ་སྐོར་འདུག་ཅིང་། སྐབས་དེར་རྒྱ་གར་གྱི་ཡུལ་མི་རྣམས་ལ་བོད་དོན་གོ་རྟོགས་གང་ལེགས་སྤེལ་ཐུབ་པ་བྱུང་ཞེས་བརྗོད་བྱུང་།

རྩ་བའི་ད་ལྟའི་ཆར་བཞུགས་སྒར་དུ་མུ་མཐུད་གནང་བཞིན་པའི་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྤེལ་བཞིན་པའི་རྒྱུན་མཐུད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་གྱི་ཉིན་ ༡༩ པ་དེ་འགྲོ་བཞིན་པ་དང་། ད་བར་དུ་མི་གྲངས་ ༡༤༠ མ་ཟིན་ཙམ་གྱིས་མཉམ་ཞུགས་ཟིན་འདུག་ལ། ལས་འགུལ་དེའི་བར་ན་སྐྲ་བཞར་ནས་མྱ་ངན་གྱི་རྣམ་པ་བསྟན་མཁན་ཁག་ཅིག་ཀྱང་བྱུང་ཞེས་གཞོན་ལྷན་གྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།།

ཁ་སྣོན་གསར་འགོད་པ། བསྟན་འཛིན་བདེ་སྐྱིད།

པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།