བོད་པའི་སློབ་གྲྭ་ཁག་ཏུ་སློབ་བཞིན་པའི་རིགས་ལམ་སློབ་ཚན་དེས། དེང་དུས་ཤེས་ཡོན་སློབ་སྦྱོང་ལ་རམ་འདེགས་བྱེད་བཞིན་ཡོད་པ་གསུང་གི་འདུག
བོད་པའི་སློབ་གྲྭ་ཁག་ཏུ་སློབ་བཞིན་པའི་རིགས་ལམ་སློབ་ཚན་དེས། དེང་དུས་ཤེས་ཡོན་སློབ་སྦྱོང་ལ་རམ་འདེགས་བྱེད་བཞིན་ཡོད་པ་དང་། ནང་ཆོས་ཀྱི་རིགས་ལམ་ཐོག་ནས་སློབ་གཉེར་གནང་སྟངས་འདི་དེང་རབས་ཚན་རྩིས་སློབ་གཉེར་སོགས་ལའང་ཕན་ནུས་ཡོད་པ་སློབ་མ་ཚོས་གསུང་གི་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་རིགས་ལམ་ཞེས་པ་དེ་ནི་ཆོས་ཕྱོགས་ཀྱི་ངོ་བོ་ཁོ་ནར་མ་བཞག་པར། དགོན་སྡེ་གྲྭ་ཚང་དང་། བཤད་གྲྭ་ཁག་གཙོ་བོར་གྱུར་པའི་སློབ་གྲྭ་ཁག་ནང་འཚར་ལོངས་བྱུང་བཞིན་པའི་སློབ་མ་རྣམས་ལ་དེང་དུས་ཀྱི་སློབ་ཚན་ཚན་རྩིས་སོགས་རིགས་འགྲེ་གནང་ནས་སློབ་འཁྲིད་གནང་རྒྱུ་གལ་ཆེ་ཡིན་པ་བཀའ་ཕེབས་ཡོད་པ་བཞིན། རིགས་ལམ་འདུ་འཛོམས་ཐོག་མཉམ་ཞུགས་གནང་མཁན་གྱི་བོད་ཕྲུག་ཁག་ཅིག་གིས་རིགས་ལམ་སློབ་སྦྱོང་ནི་ཤེས་ཡོན་སློབ་སྦྱོང་བྱེད་སྟངས་སྤྱིའི་རྩ་བར་གྱུར་ཡོད་པ་གསུང་གི་འདུག
དེ་ཡང་གྷོ་པལ་པུར་བོད་ཁྱིམ་ནས་ཡིན་པ་འོད་ཟེར་ཆོས་སྒྲོན་ལགས་ཀྱིས། ཁོང་གིས་འཛིན་གྲྭ་དང་པོ་ནས་དྲུག་པ་བར་སློབ་གྲྭའི་ནང་རིགས་ལམ་སློབ་སྦྱོང་གནང་བ་དེས། རིག་པ་འཕེལ་ཞིང་བསམ་བློ་རྒྱ་ཆེན་པོ་བཏང་ཐུབ་པ། ངག་ཏུ་འཇགས་སླ་བ་སོགས་ཀྱི་ཕན་ཐོགས་ཞེ་དྲགས་འདུག་ཅིང་། རྟགས་གསལ་བཏང་མཁན་དང་དམ་བཅའ་བར་ཡག་པོ་ཉན་ཚེ། དེའི་བརྒྱུད་ཤེས་བྱ་གསར་པ་མང་པོ་ཤེས་ཀྱི་རེད་ཅེས་གསུང་གི་འདུག་ལ། མ་སུ་རི་བོད་ཁྱིམ་ནས་ཡིན་པ་བསྟན་འཛིན་ནོར་འཛིན་ལགས་ཀྱིས། ཨང་རྩིས་ལ་རྩིས་ཀྱི་སྦྱོར་ཐབས་མང་པོ་ཞིག་བློ་འཛིན་བྱ་དགོས་པ་རྣྱམས། སྤྱིར་བཏང་བློ་འཛིན་བྱས་པ་ལས་རིགས་ལམ་བརྒྱུད་སྦྱོར་ཐབས་དེ་དག་ལ་ཞིབ་པར་གོ་རྟོགས་བྱུང་ཚེ། མ་འོངས་ཀླད་པར་གཏན་དུ་འཇགས་པར་ཕན་ཐོགས་ཡོང་གི་འདུག་ཅེས་གསུང་གི་འདུག
ཡང་སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས། ཁོང་ད་ལྟའི་ཆར་རིགས་ལམ་སྦྱངས་ནས་ལོ་བཞི་འགྲོ་བཞིན་ཡོད་པ་དང་། རྩ་བའི་རིགས་ལམ་ཐོག་མར་སྦྱངས་དུས་ཤེས་རྟོགས་དང་གོ་བ་ལེན་དཀའ་ཡང་རིམ་པས་རིགས་ལམ་གྱིས་བསམ་བློ་རྒྱ་ཆེ་ཞིང་དོན་དང་ལྡན་པ་གཏོང་ཐུབ་པར་ཕན་ཐོགས་ཆེན་པོ་ལྡན་ཡོད་ཅེས་གསུངས་ཤིང་། སིམ་ལ་སཾ་བྷོ་ཊ་གཏན་སློབ་ནང་འགྲིམ་བཞིན་པ་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ལོ་ལྔའི་རིང་རིགས་ལམ་སློབ་སྦྱོང་གནང་བ་དེས། རིག་པ་གསལ་དུ་འགྲོ་བ་གང་ཞིག་ལ། སྐབས་རེ་ཚན་རྩིས་སོགས་དང་འབྲེལ་བའི་མགོ་རྙོག་པའི་སློབ་ཚན་སོགས་སུ། རིགས་ལམ་དང་ཚན་རིག་དགེ་རྒན་རྣམས་དང་ལྷན་རིགས་ལམ་བརྒྱུད་ཤེས་རྟོགས་ཐུབ་ཐབས་ལ་འབད་བརྩོན་བྱས་ཚེ། ཤེས་རྒྱུ་སླ་རུ་འགྲོ་བ་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་གསུང་གི་འདུག
གཞན་ཡང་བདེ་སྐྱིད་གླིང་བོད་ཁྱིམ་ནས་ཡིན་པ་བསྟན་འཛིན་མདུན་བཟང་ལགས་ཀྱིས། དེ་སྔ་ཁོང་ལ་རིགས་ལམ་རྩོད་དུས་དཀའ་ངལ་འཕྲད་ཡོད་ཀྱང་། ད་ལྟའི་ཆར་དེར་དགའ་བ་སྐྱེས་ཤིང་། རིགས་ལམ་བརྒྱུད་སློབ་ཚན་མང་དག་ཅིག་ཁ་གསལ་དུ་འགྲོ་ཞིང་། རང་ཉིད་ཀྱི་ངག་ནས་ཀྱང་ཚིག་ཁ་གསལ་དང་སྒྲ་དག་པོ་ཡོང་བར་ཕན་ཐོགས་ཤིན་ཏུ་ཆེབས།་མ་འོངས་ཁོང་མཐོ་སློབ་འགྲིམ་སྐབས་སུའང་རིགས་ལམ་མུ་མཐུད་བཀོལ་སྤྱོད་གནང་རྒྱུ་ཡིན་ཞེས་གསུང་གི་འདུག
བོད་པའི་སློབ་གྲྭ་ཁག་ཏུ་རིགས་ལམ་གྱི་ཐོག་ནས་སློབ་གཉེར་གནང་པའི་ལམ་སྲོལ་དེ་དར་ཁྱབ་བྱུང་ཞིང་། འདས་པའི་ལོ་ངོ་ ༡༤ ལྷག་གི་རིང་ལ་འཚོགས་བཞིན་པའི་རིགས་ལམ་གྱི་འདུ་འཛོམས་ཆེན་མོ་ཞིག་བཞུགས་སྒར་རྡ་སའི་ཉེ་འདབས་སུ་ཆག་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོགས་ཡོད་ལ། རྡ་ས་དང་མ་སུ་རི་ས་ཁོངས་ཀྱི་ནང་དུ་གཏོགས་པའི་གཏན་ཉིན་སློབ་གྲྭ་ཁག་བཅོ་ལྔ་ནས་སློབ་མ་གྲངས་ ༡༡༥ ཙམ་གྱིས་མཉམ་ཞུགས་གནང་སྟེ་སློབ་གྲྭ་སོ་སོའི་ནང་སློབ་འཁྲིད་གནང་བའི་ཨང་རྩིས་དང་ཚན་རིག་གཉིས་ཀྱི་སློབ་ཚན་ཐོག་རྟགས་གསལ་གྱི་ལམ་ནས་རྩོད་འགྲན་གནང་འདུག་ལ། རིགས་ལམ་འདུ་འཛོམས་དེ་ཡང་ཕྱི་ལོ་ ༢༠༡༢ ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་དབུ་འཛུགས་གནང་བ་ཞིག་རེད་འདུག
རྩ་བའི་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་པའི་སྐད་ཡིག་དང་ཆོས་རིག་སློབ་སྦྱོང་དང་ཉམས་ལེན་བྱེད་པར་འགོག་རྐྱེན་དང་། རྒྱ་ནག་གི་ངོ་བོར་བསྒྱུར་བའི་སྲིད་བྱུས་སྤེལ་བཞིན་པ་དང་། དེ་ཡང་ཉེ་བའི་ཆར་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལག་བསྟར་བྱེད་འགོ་བཙུགས་པའི་ཁྲོད་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་ཉེན་ཡོད་པར་བརྗོད་བཞིན་པའི་སྐབས་འདིར། བཙན་བྱོལ་བོད་པའི་སློབ་གྲྭ་ཁག་ཏུ་དེང་དུས་ཀྱི་ཚན་རྩིས་རིག་གནས་སོགས་དང་འབྲེལ་བའི་སློབ་སྦྱོང་རྣམས། བོད་ཀྱི་སྲོལ་རྒྱུན་སྦྱང་སྲོལ་ཅན་དུ་བསྒྱུར་ཏེ་དེང་རབས་ཀྱི་སློབ་ཚན་རྣམས་བོད་མིའི་ངོ་བོ་ཅན་དུ་འགྱུར་བའི་དུས་ཚིགས་ཤིག་ཆགས་ཀྱི་ཡོད་པ་རེད།།
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
