སྨོན་ལམ་གྱི་རིག་ནུས་དེས་རྒྱལ་སྤྱིའི་རིག་ནུས་ཀྱི་འཕེལ་རིམ་དང་དཔུང་པ་མཉམ་གཤིབ་ཀྱིས་བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་སྒྲུབ་བཞིན་ཡོད་པ་གསུང་གི་འདུག
སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྨོན་ལམ་མངོན་འགྱུར་ཐེངས་བཞི་པ་གནང་ཐོག སྨོན་ལམ་མིས་བཟོས་རིག་ནུས་དེ་རྒྱལ་སྤྱིའི་མིས་བཟོས་རིག་ནུས་ཀྱི་མཉེན་ཆས་ཁག་དང་དཔུང་པ་མཉམ་གཤིབ་ཐུབ་པའི་ཕྱོགས་སུ་བསྐྱོད་ཀྱི་ཡོད་པ་དང་། དེ་སྔ་དང་བསྡུར་ན་མིས་བཟོས་རིག་ནུས་དེ་བཀོལ་སྤྱོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་གསུང་གི་འདུག་ལ། ད་ལྟའི་ཆར་མཉེན་ཆས་དང་རིག་ནུས་དེ་དག་གི་ནུས་པ་ལ་ཚད་མཐོའི་གོང་མཐོར་བཏང་སྟེ། དཔེར་ན། བོད་ཀྱི་ལོ་རྒྱུས་བརྡ་སྤྲོད་རྩོམ་རིག་སོགས་ཀྱི་དྲི་བར་གཏིང་ཟབ་ཀྱི་ལན་དང་། ལན་མ་བཏབ་གོང་དྲི་བར་བསམ་གཞིགས་བྱེད་ཀྱི་ཡོད་པ་གསུང་གི་འདུག
དེ་འབྲེལ་མཉེན་ཆས་དང་འབྲེལ་མཐུད་འགན་འཁུར་བ་སྐལ་བཟང་སྒྲོལ་དཀར་ལགས་ཀྱིས། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་ལ་སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་མིས་བཟོས་རིག་ནུས་དེ་འབྲེལ་དཀའ་ངལ་ཡོད་པ་རྣམས་བཤང་མཁན་བྱུང་གི་ཡོད་ལ། འདི་ལོར་ཁོང་རྣམས་ནས་དམིགས་བཀར་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་བསྐྱོད་དེ་བསམ་འཆར་བསྡུ་ལེན་གནང་སྐབས། མཉེན་ཆས་དེ་དག་སྐབས་རེ་མཐོང་བདེ་པོ་མེད་པ་དང་སྐབས་རེ་ཀློག་པའི་སྐབས་སུ་མུ་མཐུད་ནས་ལན་འདེབས་ཡག་པོ་མི་བྱེད་པ། དུས་ཚོད་མང་པོ་འགོར་བ་སོགས་ཀྱི་དཀའ་ངལ་བཤད་ཡོད་པ་རྣམས་ད་ཆ་བརྒྱ་ཆ་དགུ་བཅུ་ཙམ་སེལ་ཡོད་པ་གསུང་གི་འདུག་ལ། སྨོན་ལམ་མིས་བཟོས་རིག་ནུས་དེས་སྨོན་ལམ་གྱི་ཐོག་མའི་དམིགས་ཡུལ་ཏེ་བོད་ཀྱི་སྐད་ཡིག་ཐད་ཞབས་འདེགས་ཀྱི་ཐོག་མུ་མཐུད་འབད་བརྩོན་བྱེད་བཞིན་པར་ངོས་འཛིན་བྱེད་བཞིན་ཡོད་ཅེས་གསུང་གི་འདུག

ཡང་རོགས་དངུལ་འཚོལ་སྒྲུབ་དང་ལས་འཆར་འགན་འཛིན་བསྟན་འཛིན་འཕྲིན་ལས་ལགས་ཀྱིས། བསམ་བློ་བཏང་ས་གཙོ་བོ་དེ་བོད་སྐད་དང་བོད་ཡིག་ཐོག་རང་རྐྱ་འཕེར་བ་ཆགས་རྒྱུ་དང་། གཙོ་བོ་རྒྱལ་སྤྱིའི་སྡིངས་ཆ་ཐོག་རིག་ནུས་ཆེ་བའི་ཚོགས་སྡེ་ཁག་ཏུ་བོད་ཡིག་གི་གནས་ཚད་མཐོ་བོ་ཡོད་པ་ལྟར། སྨོན་ལམ་ནས་ཀྱང་དེའི་ཐོག་དཀའ་ལས་རྒྱག་བཞིན་ཡོད་ཀྱང་། སྨོན་ལམ་ལ་མཚོན་ན་རིག་ནུས་གཞན་ནང་བཞིན་འགྲོ་སོང་ཆེན་པོ་མེད་ཀྱང་། སྨོན་ལམ་ངོས་ནས་གཞན་ཚོར་མེད་པའི་ཀློག་འདོན་རིག་ནུས་དང་སྒྲ་འཛིན་རིག་ནུས་སོགས་ཀྱི་ཐད་དམིགས་བསལ་ཤུགས་སྣོན་བསྐྱོན་བཞིན་ཡོད་པ་དང་དེ་འབུར་དུ་ཐོན་ཐུབ་པ་ཡོང་གི་རེད་ཅེས་གསུང་གི་འདུག
སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རིག་ནུས་འགན་འཁུར་བ་བསྟན་འཛིན་དགེ་བྱེད་ལགས་ཀྱིས། དེ་སྔ་སྨོན་ལམ་མེ་ལོང་གིས་དྲ་རྒྱ་བརྒྱུད་འཚོལ་སྒྲུབ་ཙམ་ལས་བྱེད་ཀྱི་མེད་ཀྱང་། འདི་ལོར་ལན་འདེབས་གཏིང་ཟབ་དང་རྒྱུ་ཆ་མང་དུ་ཕྱིན་ཡོད་པ་སོགས་ཀྱི་ཁྱད་པར་ཆེན་པོ་མཐོང་རྒྱུ་ཡོད་ལ། སྨོན་ལམ་མེ་ལོང་དེ་བཞིན་བཀོལ་སྤྱོད་བྱེད་མཁན་ཉིན་ལྟར་ ༣༡༠༠༠ ཙམ་བྱུང་བཞིན་ཡོད་པ་ནི་དེ་སྔ་ལས་མང་དུ་འགྲོ་བཞིན་ཡོད་པ་གསལ་སྟོན་ཐུབ་ཡོད་པ་གསུངས་བྱུང་།

ཕྱི་ལོ་ ༢༠༢༣ ནས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་འགོ་འཛུགས་གནང་བའི་སྨོན་ལམ་མངོན་འགྱུར་ལས་གཞིའི་དུས་རིམ་ཁག་གི་ནང་། བོད་ཡིག་བརྡ་འཕྲིན་འཕྲུལ་རིག་གི་ཐོན་རྫས་གསར་གཏོད་དང་། སྤུས་ཚད་ལེགས་བཅོས། ཁྱད་ཆོས་གསར་སྣོན་བཅས་གནང་གི་འདུག་ཅིང་། ཐེངས་འདིར་སྨོན་ལམ་མེ་ལོང་ཐོན་རིམ་ ༢།༨ དང་། སྨོན་ལམ་མེ་ལོང་དྲ་རྒྱ་དང་ཁ་པར་མཉེན་ཆས། སྨོན་ལམ་བོད་ཡིག་ཐོན་རིམ་ ༥།༠། སྨོན་ལམ་ཡིག་སྒྱུར་མཉེན་ཆས། སྨོན་ལམ་ཚིག་མཛོད་ཆེན་མོ། སྨོན་ལམ་རིག་ནུས་སྡིངས་ཆ་བཅས་མཉེན་ཆས་གསར་པ་དང་དེ་སྔ་ཡོད་བཞིན་རྣམས་ལ། མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་ལ་དཔག་པའི་སྤུས་ཁ་ལེགས་བཅོས་སོགས་གནང་ཐོག རིག་ནུས་ཀྱི་མགྱོགས་ཚད་ནི་དེ་སྔ་ལས་མྱུར་བ་ཙམ་དུ་མ་ཟད། མི་དང་རིག་ནུས་ཀྱི་འབྲེལ་མཐུད་ཤུགས་ཆེ་རུང་བཏང་ཡོད་པ་གསུང་གི་འདུག་ལ། དེའི་ནང་ནས་སྨོན་ལམ་ཡིག་བསྒྱུར་མཉེན་ཆས་ནང་དུ་སྡེ་ཚན་གསུམ་ཡོད་པ་ལས་སྨོན་ལམ་གླེང་མོལ་འཆར་ངོས་ཞེས་པ་ནི། བོད་མི་དཀྱུས་མ་ཞིག་གི་ཉིན་རེའི་འཚོ་བའི་ཁྲོད་སྐད་སྒྱུར་མི་ཐུབ་པའི་དཀའ་ངལ་ལ་གཞིགས་ཏེ་བཟོ་སྐྲུན་གནང་བ་ཞིག་རེད་འདུག
རྩ་བའི་འཛམ་གླིང་ཐོག་མིས་བཟོས་རིག་ནུས་ (AI) ཀྱི་ནུས་པ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་པ་དང་བསྟུན། དེ་ནི་དེང་སྐབས་མིའི་འཚོ་བའི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ནས་མི་རྣམས་ཀྱིས་སློབ་སྦྱོང་བྱེད་སྟངས་དང་ལས་ཀ་བྱེད་སྟངས་དཀའ་ངལ་སེལ་སྟངས་སོགས་ཁྱོན་ཡོངས་ནས་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་དང་བསྟུན། ཉེ་ལམ་ནས་རྒྱལ་སྤྱིའི་ཁྲོད་ཞིབ་འཇུག་རིམ་པ་ཐོན་བཞིན་པའི་ནང་། སེམས་ཁམས་དང་སེམས་ཁམས་འཕྲོད་བསྟེན་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དུ་མིས་བཟོས་རིག་ནུས་ལ་རག་ལུས་ན་བདེ་འཇགས་ཀྱི་ཉེན་ཁ་ཆེན་པོ་ཡོད་པའི་སེམས་ཚབས་གསལ་སྟོན་བྱེད་བཞིན་ཡོད་པའི་སྐབས་འདིར། སྨོན་ལམ་མངོན་འགྱུར་གྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་ཞབས་འདེགས་རླབས་ཆེན་སྒྲུབ་བཞིན་ཡོད་པ་གསུང་གི་འདུག
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
