ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་ཕྱི་ཟླ་ ༡༡ ཚེས་ ༢༢ དང་ ༢༣ ཉིན་གཉིས་རིང་ «གངས་ལྗོངས་གླེང་སྟེགས། ༢༠༢༦ ལོའི་ཐུན་མོང་གི་གཞི་རྟེན་འཚོལ་བ་» ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འཚོགས་ཡོད་ཅིང་། འདི་ལོའི་ཚོགས་འདུའི་ཐོག་མི་རིགས་ཀྱི་ངོ་བོ་སྒྱུར་ཐབས་དང་རྒྱལ་མཚམས་བརྒལ་བའི་དྲག་གནོན་སོགས་བརྗོད་གཞི་མང་པོའི་ཐོག་རྒྱལ་ཁབ་འདྲ་མིན་དང་མི་རིགས་འདྲ་མིན་གྱི་མི་སྣ་ཚོས་དཔྱད་བརྗོད་སྤེལ་ཞིང་བགྲོ་གླེང་ནང་མཉམ་ཞུགས་གནང་འདུག
ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི་རྒྱ་ནག་གི་ «མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་» ཟེར་བའི་ངན་ཤུགས་དང་། དེར་གདོང་ལེན་བྱེད་ཕྱོགས་ཀྱི་ཐབས་བྱུས་ཞེས་པའི་ཐོག་ནས་མི་རིགས་ཀྱི་ངོ་བོ་དང་ཕ་སྐད་ཀྱི་སློབ་གསོ། བོད་ནང་གི་བཅའ་སྡོད་སློབ་གྲྭ ཆོས་དང་རིག་གཞུང་གི་ཐོབ་ཐང་། དེ་བཞིན་ལོ་རྒྱུས་བཤད་སྟངས་བཅས་ལ་དམིགས་པའི་བགྲོ་གླེང་གནང་འདུག

བོད་མིའི་ངོ་བོ་རྩ་མེད་ཀྱི་སྲིད་བྱུས་དང་ཁྲིམས།
ཚོགས་འདུའི་ཐོག་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གྲེན་ཇོན་གོའོ་ཡིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་བྱེད་རིང་བོད་ནང་ལག་བསྟར་བྱེད་བཞིན་པ་ནི་འདི་ལོ་གཏན་འབེབས་བྱས་པའི་«མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་»ཟེར་བ་དེ་རང་ཡིན་ཞིང་། བོད་ཀྱི་རིག་གཞུང་དང་ཆོས་ལུགས་ལ་དྲག་གནོན་བྱས་པ་འདི་རྣམས་ཡོངས་རྫོགས་འཛིན་སྐྱོང་བཀའ་རྒྱའི་ཐོག་ནས་ལག་བསྟར་བྱས་པ་ཞིག་དང་། དེའི་ཐོག་ནས་བོད་མི་རིགས་ཀྱི་སྐད་དང་ཡི་གེ ངོ་བོ། མི་རིགས་ཀྱི་ཁྱད་ཆོས་རྣམས་རྩ་མེད་བཟོ་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག
ཞིབ་འཇུག་པ་དང་རྩོམ་པ་པོ་འབུམ་རབས་པ་ཌེ་ཝིཌ་ཌི་མེས་ (David Demes) ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་སློབ་གསོའི་བསྒྱུར་བཅོས་བྱས་པའི་བརྒྱུད་རིམ་ནང་གི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་རྒྱ་ཁྱབ་ངང་ལག་བསྟར་བྱས་པའི་སྐོར་གླེང་བ་དང་། ཁོང་གིས་བོད་ནང་གི་དགེ་རྒན་དང་སློབ་མ། གཞུང་འབྲེལ་གསར་འགྱུར་སོགས་ནས་ལུང་འདྲེན་གནང་སྟེ་བོད་ཕྲུག་ཚོ་ཆོས་ལུགས་བྱེད་སྒོའི་ནང་རྩ་བ་ནས་མཉམ་ཞུགས་མི་ཆོག་པ་དང་དགོན་པའི་ནང་སྐྱོད་མི་ཆོག་པ། བཅའ་སྡོད་སློབ་གྲྭ་ནས་བྲོས་མཁན་བྱུང་ཚེ་རེ་རེ་བཞིན་འཇུ་བཟུང་བྱས་ནས་ཁྲིད་ཡོང་བ། བསམ་བློའི་འདུ་ཤེས་འཛིན་སྟངས་ཀྱི་སློབ་གསོ་སྤྲོད་པ་སོགས་དམག་མིར་དོ་དམ་བྱས་པ་བཞིན་འཛིན་སྐྱོང་བྱེད་ཀྱི་ཡོད་པ། ད་ལྟ་བོད་ཕྲུག་ཁྲོད་བསམ་བློའི་དཀའ་ངལ་འཕྲད་མཁན་མང་དུ་འགྲོ་བཞིན་ཡོད་པ་སོགས་ཀྱི་ཉམས་ཞིབ་ཐོག་ནས་བོད་མིའི་ངོ་བོ་སྒྱུར་ཐབས་བྱེད་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག

རྒྱལ་མཚམས་བརྒལ་བའི་དྲག་གནོན་ལ་འགོག་ཐབས།
ད་རེས་ཀྱི་གངས་ལྗོངས་གླེང་སྟེགས་ཀྱི་ཚོགས་འདུའི་ཐོག་བོད་དོན་གྱི་བརྗོད་གཞི་གཅིག་པུ་མ་ཡིན་པར་ཐའེ་ཝན་དང་ཧོང་ཀོང་། ཕྱི་རྒྱལ་གྱི་སྤྱི་ཚོགས་ཁག་དང་འབྲེལ་བའི་ཁྲིམས་ཀྱི་འཇིགས་སྐུལ་དང་། དྲ་ལམ་གྱི་ལྟ་རྟོག ཆ་འཕྲིན་གྱི་བསླུ་འཁྲིད། གནོད་འཚེ་ཕོག་མཁན་གྱི་གནས་སྟངས་བཅས་ཕྱོགས་མང་པོའི་ཐོག་བགྲོ་གླེང་གནང་འདུག
འདིའི་ཁྲོད་བོད་དོན་དང་འབྲེལ་བའི་སྐོར་གླེང་མཁན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་མཁན་ཚོའི་བདེ་འཇགས་སོགས་ཀྱི་ཐོག་ནས་རྒྱལ་མཚམས་བརྒལ་བའི་དྲག་གནོན་སྐོར་སྒེར་གྱི་ཉམས་མྱོང་སོགས་ཀྱི་ཐོག་ནས་གླེང་མཁན་ཁག་ཅིག་བྱུང་ཡོད་ཅིང་། ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་གི་དོན་གཉེར་གནང་མཁན་ལི་མིང་ཌ་ནས་ཐའེ་ཝན་གྱི་སྤྱི་ཚོགས་ནང་རྒྱ་ནག་དམར་ཤོག་གཞུང་གི་མངོན་གསལ་དང་མངོན་གསལ་མེད་པའི་དྲག་གནོན་གྱི་གནས་སྟངས་འདི་སྔ་ས་ཡོད་པ་ཞིག་དང་། ཁོང་སྒེར་ལ་འཕྲད་པའི་གནད་དོན་ཐོག་ནས་ཉམས་མྱོང་ངོ་སྤྲོད་གནང་འདུག་ལ། ཡང་འདི་ལོ་ཟླ་བ་བདུན་པའི་ནང་ལྷ་སའི་སེ་ར་དགོན་པའི་ནང་ཁ་པར་ཐོག་ནས་༧གོང་ས་མཆོག་གི་སྐུ་པར་སྟོན་པའི་དབང་གིས་འཛིན་བཟུང་བྱས་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡིའི་བུ་ཀྲང་ཧུང་ཡོན་ནས་ཁོང་གི་ཕ་ཇི་ལྟར་འཛིན་བཟུང་བྱས་པ་དང་། ནང་མིར་འཇིགས་སྐུལ་བྱས་པའི་བརྒྱུད་རིམ་ངོ་སྤྲོད་གནང་སྟེ། ཁོང་གིས་དོན་དངོས་ཐོག་འཇིགས་སྐུལ་དེ་རིགས་ལ་ཁ་ཕྱོགས་སྐབས་རང་གིས་ཁ་བཙུམ་ནས་བསྡད་པ་ཡིན་ཚེ་ཁོང་ཚོའི་རྙིའི་ནང་ཚུད་རྒྱུ་ཡིན་པས། ཁོང་གི་ཕ་འཛིན་བཟུང་བྱས་པའི་རྗེས་ཕྱི་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་ལ་འབྲེལ་བ་བྱས་སྐོར་ངོ་སྤྲོད་གནང་འདུག
ཉིན་གཉིས་ཀྱི་བགྲོ་གླེང་ཚོགས་འདུ་མཇུག་བསྒྲིལ་བའི་རྗེས་ཐུན་མོང་གི་གྲོས་མཐུན་དང་ལས་འགུལ་འཆར་གཞི་ཞེས་པ་ཞིག་བཏོན་ཡོད་པ་དང་། དེའི་ནང་རྒྱ་ནག་གཞུང་གི་«མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་»དང་འབྲེལ་ཡོད་སྲིད་བྱུས་ཕྱིར་འཐེན་བྱེད་དགོས་པ་དང་། བཙན་ཤེད་ཀྱིས་མི་རིགས་ངོ་བོ་སྒྱུར་ཐབས་དང་ཆོས་ལུགས་ནང་སྲིད་དོན་གྱི་ཐེ་ཇུས་མཚམས་འཇོག་དགོས་པ་བཀོད་འདུག་ལ། ཕ་སྐད་སློབ་གསོ་དང་། ཆོས་དང་རིག་གཞུང་གི་རང་དབང་། ས་གནས་དང་འཚོ་བར་འབྲེལ་བའི་ཐག་གཅོད་ནང་མི་མང་གི་མཉམ་ཞུགས་བཅས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས་འདུག
དེ་མིན་ཡང་ལས་འགུལ་སྤེལ་ཕྱོགས་ཐད། རྒྱལ་མཚམས་བརྒལ་བའི་དྲག་གནོན་ཕོག་མཁན་དང་ཁོང་ཚོའི་ནང་མིའི་བདེ་འཇགས་དང་། ཁྲིམས་ལུགས། སེམས་ཁམས་བཅས་ཀྱི་རོགས་རམ་སྤྲོད་པའི་ལམ་ཞིག་འཛུགས་དགོས་པ་བཀོད་འདུག
