རྒྱ་ནག་གི་གནོན་ཤུགས་འོག་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཚོཊ་ཆེན་ཆེ་ཤོས་ཤིག་ཕྱིར་འཐེན།

ཚོགས་འདུ་འདིའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལས་འགུལ་བ་སྟོང་ཕྲག་མང་པོས་མཉམ་ཞུཊ་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གི་གནོན་ཤུཊ་འོག་འཛམ་བྷི་ཡའི་རྒྱལ་ཁབ་ནང་འཚོཊ་རྒྱུའི་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཚོཊ་ཆེན་ཆེ་ཤོས་ཤིག་ཕྱིར་འཐེན་བྱས་འདུག

RightsCon ཞེས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ ༢༠༢༦ ཨཧྥ་རི་ཀའི་འཇམ་བྷི་ཡ་ (Zambia) ནང་ཕྱི་ཟླ་ ༥ ཚེས་ ༥ ཉིན་འཚོགས་རྒྱུའི་གྲ་སྒྲིག་གནང་ཡོད་ཅིང་། ཡུལ་གྲུ་གང་ས་ནས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལས་འགུལ་བ་སྟོང་ཕྲག་མང་པོ་འདུ་འཛོམས་བྱེད་རྒྱུ་གཏན་འཁེལ་བྱུང་ཡོད་པའི་སྐབས་སུ། གཟའ་འཁོར་གཅིག་གི་གོང་སྟེ་ཕྱི་ཟླ་ ༤ ཚེས་ ༢༩ ཉིན་ཕྱིར་འཐེན་བྱས་འདུག

འདི་སྐོར་ཐོག་མར་འཛམ་བྷི་ཡ་རྒྱལ་ཁབ་ཀྱི་འཕྲུལ་རིག་དང་ཚན་རིག་བློན་ཆེན་གྱིས་ཚོགས་འདུར་གཏམ་བཤད་བྱེད་མཁན་འགའ་ཞིག་གི་“བདེ་སྲུང་དང་འཛིན་སྐྱོང་གི་ཆོག་མཆན་བཀའ་འཁྲོལ་”ཞུ་རྒྱུའི་ལས་དོན་འཕྲོ་སྐྱོང་ཞུ་ཕྱིར་ཚོགས་འདུ་དུས་འགྱངས་ཞུས་པ་ཙམ་ཡིན་སྐོར་བརྗོད་ཡོད་པ་རེད། འོན་ཀྱང་ཉིན་དེ་རང་ལ་འཛམ་བྷི་ཡ་གཞུང་གིས་ཚོགས་འདུ་ཕྱིར་འཐེན་བྱས་ཡོད་པ་རེད།དེའི་རྒྱུ་མཚན་དུ་ཚོགས་ཆེན་གི་ཐོག་གྲོས་བསྡུར་གནང་རྒྱུའི་བརྗོད་གཞིའི་ཐད་གསལ་བཤད་ཆ་ཚང་བྱུང་མེད་ཚུལ་ཁག་དཀྲི་བྱས་ཡོད་པ་རེད། མ་ཟད་འཇམ་བྷི་ཡ་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “འཛམ་བྷི་ཡ་རྒྱལ་ཁབ་ཀྱི་རིག་གནས་དང་སྲིད་ཇུས་གཙོ་བཟུང་བྱས་པ་དང་། མང་ཚོགས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་ལ་གཞིགས་པས་”ཚོགས་འདུ་ཕྱིར་འཐེན་བྱེད་རྒྱུའི་ཐག་གཅོད་འདི་བྱས་པ་ཞིག་ཡིན་ཞེས་བསྒྲགས་ཡོད་པ་རེད།

Zambia རྒྱལ་ཁབ་ཏུ་འཚོགས་རྒྱུའི་ཚོགས་འདུ་འདི་ནི་ཨཧྥ་རི་ཀའི་སཧ་ར་བྱེས་ཐང་ཉེ་ཁུལ་དུ་ཐེངས་དང་པོ་ཆགས་རྒྱུ་ཡིན་ཡང་། ཚོགས་འདུ་ཕྱིར་འཐེན་བྱེད་པའི་འགོག་རྐྱེན་འདིས་མ་འོངས་པར་ཨཧྥ་རི་ཀའི་གླིང་ཕྲན་ནང་ཚོགས་འདུ་ཆེན་པོ་འདི་རིགས་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་ལ་བར་ཆད་བཟོ་བའི་གཞི་རྩར་འགྱུར་སྲིད་པར་རྩིས་མཁན་ཡང་ཡོད་པ་རེད།

དེ་ནི་ཐའེ་ཝན་གྱི་ཚོཊ་ཞུགས་པ་ཡོད་པའི་རྐྱེན་གྱི་ཡིན་པ་འཛམ་བྷི་ཡ་གཞུང་གིས་བརྗོད་འདུག
ཚོགས་ཆེན་འདིའི་ཐོག་ཐའེ་ཝན་གྱི་ཚོཊ་ཞུགས་པ་ཡོད་པ་དེར་ཐུག་ཡོད་འདུག དེ་ནི་ཐའེ་ཝན་གྱི་ཚོཊ་ཞུགས་པ་ཡོད་པའི་རྐྱེན་གྱི་ཡིན་པ་འཛམ་བྷི་ཡ་གཞུང་གིས་བརྗོད་འདུག (RFA Tibetan)

ད་རེས་ཀྱི་ཚོགས་ཆེན་འདི་འདྲ་ཞིག་ཕྱིར་འཐེན་བྱས་པ་ནི། འཇམ་བྷི་ཡའི་གཞུང་གིས་ཐག་གཅོད་དང་རྒྱལ་ཁབ་ཀྱི་མངའ་དབང་ལ་ཕྱི་ཕྱོགས་ནས་ཤུགས་རྐྱེན་ཐེབས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། དེ་ཡང་གསར་འགོད་པ་མུན་ཡ་མོ་ཕྱ་ (Mwenya Mofya) ཡིས་རྩོམ་ཡིག་ཅིག་སྤེལ་བའི་ནང་། རྒྱ་ནག་གཞུང་གི་གནོན་ཤུགས་སྤྲད་པར་བརྟེན་ནས་ཡིན་སྐོར་བཀོད་འདུག

དེ་ཡང་ཐའེ་ཝན་གྱི་འཐུས་མི་ཚོས་ཚོགས་འདུར་ཞུགས་རྗེས་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱེད་རྒྱུ་ཡིན་པ་རང་བཞིན་གྱི་གྲུབ་པ་དེར་ཐུག་གི་ཡོད་པར་ངོས་འཛིན་བྱས་འདུགདཔེ་ན་ཚོགས་འདུ་འཚོགས་སའི་ཚོགས་ཁང་བསྐྱར་གསོ་བྱེད་རྒྱུའི་ཆེད་རྒྱ་ནག་གིས་དཔལ་འབྱོར་གྱི་མཐུན་འགྱུར་སྦྱར་ཡོད་པ་དང་། རྒྱ་ནག་ཕྱོགས་ནས་ཆ་རྐྱེན་མེད་པའི་ཐོག་ནས་ལག་རྟགས་སུ་སྤྲད་ཡོད་སྐོར་འཇམ་བྷི་ཡ་གཞུང་གིས་བརྗོད་ཡོད་པ་རེད།

ཡང་ཚོགས་འདུ་གོ་སྒྲིག་གནང་མཁན་ Access Now ཚོགས་པས་འགྲོ་བ་མིའི་ཐོབ་སྲུང་སྐྱོབ་ཚོགས་པ་ (Safeguard Defenders) ལ་གློག་འཕྲིན་བརྒྱུད་ལན་འདེབས་ཤིག་བྱས་པའི་ནང་། འཕྲུལ་རིག་དང་མཚན་རིག་བློན་ཆེན་ལས་ཁུངས་ནས་ཁ་པར་འབྱོར་ཏེ་ཁོང་ཚོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་མི་སྣས་གནོན་ཤུགས་སླེབས་ཏེ་ཐེ་ཝན་གྱི་སྤྱི་མང་སྐུ་ཚབ་མི་སྣ་ཁག་ཅིག་ཚོགས་འདུ་དེར་དངོས་སུ་བཅར་གྱི་ཡོད་པ་དེར་ཐུག་ཡོད་ཅེས་བརྗོད་འདུག

འཛམ་གླིང་ལྷོ་ཕྱོཊ་སུ་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པ།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡ་སྡེ་ཚན་གྱི་འགན་འཛིན་གཞོན་པ་མ་ཡ་ཝང་ (Maya Wang) ལགས་ཀྱིས། གྲངས་རྩིས་ཀྱི་ཚོགས་ཆེན་འདིའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་མཉམ། བོད་དང་། ཡུ་གུར། ཐེ་ཝན། ཧོང་ཀོང་བཅས་ཀྱི་གནད་དོན་གླེང་རྒྱུ་ཡིན་པ་རྒྱ་ནག་གིས་སྔོན་དཔག་བྱས་ཏེ་ཚོགས་ཆེན་འདི་བཀག་འགོག་བྱས་པ་ཞིག་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།ཁོང་གིས་ད་དུང་། ཚོགས་ཆེན་འདི་བཀག་འགོག་བྱས་ཏེ་ཨ་རིས་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཁག་གི་འཛམ་གླིང་ལྷོ་ཕྱོགས་ནས་སྟོབས་ཤུགས་ཕྱིར་འཐེན་བྱེད་པའི་ད་ལྟའི་དུས་ཚོད་དང་། དེ་སྔ་འཛམ་བྷི་ཡ་དང་འགྲོ་བ་མིའི་ཐོབ་ཐང་མེད་པའི་ཉེ་ཁུལ་གྱི་རྒྱལ་ཁབ་ནང་དུ་ཨ་རིས་གཙོས་པའི་དམངས་གཙོའི་རྒྱལ་ཁབ་གིས་གདོང་ལེན་བྱེད་པའི་སྟོབས་ཤུགས་ཉུང་དུ་འགྲོ་བའི་དུས་སུ་རྒྱ་ནག་གིས་སྟོབས་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད་ཅེས་དང་། དེ་འདྲའི་འཕེལ་རིམ་ལ་བརྟེན་ནས་བོད་དོན་ཞུ་གཏུག་བྱེད་མཁན་དང་དེ་མཚུངས་ཀྱི་ཚོགས་སྡེ་སྐུ་ཚབ་ཁག་གིས་མཉམ་ཞུགས་བྱེད་རྒྱུར་ཚོད་འཛིན་བྱེད་པ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་ཉུང་དུ་འགྲོ་བའི་ཆ་ནས་འཛམ་གླིང་ནང་རྒྱ་ནག་གིས་བྱ་ཐབས་ངན་པའི་ཐད་གོ་རྟོགས་ཉུང་དུ་འགྲོ་བའི་ཉེན་ཁ་ཡོད་པ་རེད་ཅེས་གསུངས་བྱུང་།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་གནོན་ཤུགས་སྤྲད་པའི་བྱ་ཐབས་ལ་སྐྱོན་བརྗོད་གནང་པ།

RightsCon དང་དེ་ལྟ་བུའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལས་འགུལ་བའི་ཚོགས་ཆེན་འདི་དག་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བོད་ནང་སྡུག་རྩུབ་གཏོང་བའི་གནད་དོན་སྐོར་གྲོས་བསྡུར་བྱེད་ཡུལ་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡིད་ཆེས་གནང་གི་ཡོད་པ་གསུངས་ཤིང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྐུལ་སྤེལ་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་པའི་ཆ་ནས་རྒྱ་ནག་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱིས་ཐེ་ཝན་གྱི་སྤྱི་མང་ཚོགས་སྡེས་མཉམ་ཞུགས་ལ་བརྟེན་ནས་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་གསུམ་པ་ཞིག་གི་ཐོག་ཤུགས་རྐྱེན་སྤྲད་པ་དེར་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་།

ཁ་སྣོན། ཿ འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དགོངས་ཚུལ་ཁ་སྣོན་ཞུས། ༢༠༢༦།༥།༧

པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།