ཉེན་རྟོག་པའི་ལྟ་ཞིབ་འོག་གི་རྟ་རྒྱུག་དུས་ཆེན།

དབྱར་དུས་བོད་ཀྱི་ས་ཁུལ་ཁག་ནས་རྟ་རྒྱུག་དུས་ཆེན་ཚོགས་བཞིན་པར་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག

ཕྱི་ཟླ་བདུན་པ་དང་བརྒྱད་པ་ནི་བོད་དུ་གནམ་གཤིས་སྐྱིད་པའི་དུས་ཆོད་ཅིག་ཡིན་པ་དང་། ལོ་ལྟར་དབྱར་དུས་སུ་བོད་ཀྱི་ས་གནས་སོ་སོར་སྲོལ་རྒྱུན་གྱི་རྟ་རྒྱུག་དུས་ཆེན་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་སྲོལ་ཡོད་ལ། འདུ་འཛོམས་ཀྱི་ཐོག་རོལ་དབྱངས་འཁྲབ་སྟོན་དང་། ཚོང་འདུས་ལ་སོགས་པ་གཉེར་ནས་སྲོལ་རྒྱུན་དུས་ཆེན་རྒྱ་ཆེ་ཆུང་མང་པོ་ཚོགས་བཞིན་ཡོད།

འོན་ཀྱང་དུས་ཚོད་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་འགྱུར་བ་ཕྱིན་པའི་ཁྲོད་ནས་བྱེད་སྒོའི་རྣམ་པར་ཡང་འགྱུར་བ་ཕྱིན་ཡོད་ལ། ལྷག་པར་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཚད་བཀག་དང་དོ་དམ་སྔར་ལས་དམ་དུ་ཕྱིན་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང་། བོད་ཀྱི་ས་གནས་ཁག་ནང་གཉེར་བའི་མང་ཚོགས་འདུ་འཛོམས་ཀྱི་བྱེད་སྒོ་ཚང་མའི་ཁྲོད་དམ་དྲག་གི་རྣམ་པ་འདི་ཤུགས་ཆེ་རུ་ཕྱིན་པ་ཞིག་ཆགས་འདུག

དཔེར་ན། ༢༠༢༦ ལོའི་དབྱར་དུས་ཀྱི་རྟ་རྒྱུག་དུས་ཆེན་ཁག་ལ་བལྟས་ན། རྟ་རྒྱུག་དང་རིག་གཞུང་གི་བྱེད་སྒོ་ཙམ་མིན་པར། ཉེན་རྟོག་པ་དང་བདེ་སྲུང་མི་སྣའི་སྐོར་གཡེང་། ཕར་འགྲོ་ཚུར་འོང་བྱེད་མཁན་ཁྲོད་ལྟ་ཞིབ་དང་། དམ་དྲག་གི་རྣམ་པ་ཡང་མངོན་གསལ་དོད་པོ་མཐོང་རྒྱུ་ཡོད་པ་ཞིག་ཆགས་ཡོད།

བོད་རང་སྐྱོང་ལྗོངས་ནང་གི་ནག་ཆུའི་འཆར་ཅན་རྟ་རྒྱུག་དང་། སྐྱེ་རྒུ་མདོའི་རྟ་རྒྱུག ལི་ཐང་གི་རྟ་རྒྱུག་སོགས་ཀྱི་དུས་ཆེན་ཐོག་ཉེན་རྟོག་པས་ཆུ་ཚོད་ ༢༤ རིང་སྐོར་གཡེང་དང་བདེ་སྲུང་ལས་འགན་ཁུར་ཡོད་པ་གཞུང་འབྲེལ་སྤྱི་བདེ་ཚན་པའི་དྲ་ལམ་ཁག་གི་ཐོག་གནས་ཚུལ་སྤེལ་ཡོད་འདུག གཞུང་འབྲེལ་བརྒྱུད་ལམ་གྱིས་ཉེན་རྟོག་པ་མངགས་གཏོང་བྱ་དོན་ནི་མང་ཚོགས་ཀྱི་བདེ་འཇགས་དང་བྱེད་སྒོ་བདེ་བླག་ངང་ཚོགས་ཐུབ་པའི་ཆེད་དུ་བདེ་སྲུང་གི་བྱ་ཐབས་ཡིན་པར་འགྲེལ་བརྗོད་བྱས་འདུག་ལ། ཚོགས་རྭའི་ནང་དུ་མེ་ལྕགས་སོགས་ཀྱི་རིགས་འཁྱེར་མི་ཆོག་པ་དང་མེ་གསོད་རུ་ཁག་ཆེད་མངགས་གྲ་སྒྲིག་བྱས་ཡོད་པ་ཡང་བརྗོད་འདུག

དབྱར་དུས་བོད་ཀྱི་ས་ཁུལ་ཁག་ནས་རྟ་རྒྱུག་དུས་ཆེན་ཚོགས་བཞིན་པར་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག
ཉེན་རྟོག་པའི་ལྟ་ཞིབ་འོག་གི་རྟ་རྒྱུག་དུས་ཆེན། ༢༠༢༦ ལོའི་ནག་ཆུའི་འཆར་ཅན་རྟ་རྒྱུག་ཐོག་གི་ཉེན་རྟོག་པ། (རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ།)

གནད་དོན་གཞན་ཞིག་ནི། ཚོགས་རྭའི་མི་མང་གི་འགྲོ་འོང་ལ་རིམ་པ་མང་པོའི་བདེ་སྲུང་དང་ལྟ་རྟོག་བཙུགས་ཡོད་ཀྱང་། ལི་ཐང་གི་རྟ་རྒྱུག་སྐབས་རྟ་ཞིག་གློ་བུར་ཤི་བའི་རྗེས། གོ་སྒྲིག་ཚོགས་པས་གསལ་བཤད་སྤེལ་ཏེ། བོད་མཐོ་སྒང་གི་རི་ཁུལ་རྟ་རྒྱུག་ནི་ལུས་ཤུགས་ཆེ་བའི་འགྲན་རྩོད་ཅིག་ཡིན་པ་དང་། མཐོ་སྒང་གི་དབུགས་རླུང་ཉུང་བ། གནམ་གཤིས་འགྱུར་ལྡོག་ཆེ་བ། རྟ་རེ་རེའི་ལུས་ཤུགས་མི་འདྲ་བ་སོགས་ཀྱིས་ཉེན་ཁ་རྩ་བ་ནས་མེད་པ་བཟོ་མི་ཐུབ་པ་བརྗོད་འདུག་པས། འགྲན་བསྡུར་རང་གི་ནང་རྟའི་བདེ་ཐང་དང་ཉེན་ཁའི་སྔོན་དཔག་ཐད་སྐྱོན་ཆ་ཡོད་པ་གོ་སྒྲིག་པས་ངོས་ལེན་བྱས་ཡོད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ནི་ཁག་གཉིས་ཐོག་ནས་ལག་ལེན་བསྟར་བཞིན་པ་ཞིག་ཆགས་ཡོད་པ་དང་། གཏིང་ཟབ་པའི་ཐོག་ནས་བོད་མི་རིགས་ཀྱི་ངོ་བོ་འདི་རྩ་མེད་བཟོ་བའི་འབད་བརྩོན་དང་། བོད་མི་རིགས་འདི་རྒྱ་མི་རིགས་ལ་སྒྱུར་བའི་ལས་དོན་ཞིག་སྤེལ་བཞིན་པ་རེད་ཅེས་གསུངས་བྱུང་།

ལྟ་རྟོག་ལག་རྩལ་གྱི་ཆ་ཤས།

ས་གནས་ཀྱི་བོད་མིས། ད་ལོའི་རྟ་རྒྱུག་དུས་ཆེན་ལ་ཚོགས་རྭའི་ནང་ཉེན་རྟོག་པའི་སྐོར་གཡེང་དང་། མི་མེད་གནམ་གྲུ་མཐོང་རྒྱུ་ཡོད་ལ། ཡར་འཛུལ་དུས་རེ་རེ་བཞིན་བརྟག་དཔྱད་ནན་པོ་བྱས་ཏེ་འཛུལ་དགོས་ཀྱི་ཡོད་པ་བརྗོད་ཀྱི་འདུག དེ་བཞིན་རྟ་རྒྱུག་སྐབས་དེ་སྔོན་ལས་རྐུ་མ་ལྟ་བུའི་ཉེས་གསོག་ཉུང་དུ་ཕྱིན་ཡོད་པ་ཡང་བརྗོད་བྱུང་།

དབྱར་དུས་བོད་ཀྱི་ས་ཁུལ་ཁག་ནས་རྟ་རྒྱུག་དུས་ཆེན་ཚོགས་བཞིན་པར་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག
ཉེན་རྟོག་པའི་ལྟ་ཞིབ་འོག་གི་རྟ་རྒྱུག་དུས་ཆེན། ༢༠༢༦ ལོའི་ནག་ཆུའི་འཆར་ཅན་རྟ་རྒྱུག་ཐོག་གི་ཉེན་རྟོག་པ། (རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ།)

ནང་ཆེན་གྱི་རྟ་རྒྱུག་ལ་བོད་ཡིག་མེད་པའི་རྩོད་གཞི།

འདི་ལོའི་ཁམས་ནང་ཆེན་གྱི་རྟ་རྒྱུག་དུས་ཆེན་ལ་སྒོ་བྱང་དང་ཡིག་བྱང་ཁག་ཏུ་བོད་ཡིག་མཐོང་རྒྱུ་མེད་པ་དེར། དྲ་ལམ་ཐོག་ནས་བོད་མི་མང་པོས་སྐྱོན་བརྗོད་ཤུགས་ཆེན་བྱས་ཤིང་། དྲ་ལམ་ཐོག་བོད་ཡིག་མེད་པའི་ནང་ཆེན་ཟེར་བ་དང་། ནང་ཆེན་བོད་པ་ཡིན་པ་དགའ་བ་ལ། ནང་ཆེན་བོད་ཡིག་མེད་པ་སྐྱོ་བ་ལ་ཟེར་བ་སོགས་བསམ་ཚུལ་བརྗོད་མཁན་མང་པོ་བྱུང་འདུག

འདི་ལོའི་བོད་ཀྱི་རྟ་རྒྱུག་དུས་ཆེན་ཁག་ནང་མངོན་གསལ་དོད་པོས་རྒྱ་སྐད་བེད་སྤྱོད་ཤུགས་ཆེ་བ་ཡོད་པ་དང་། དམིགས་བསལ་ནང་ཆེན་རྫོང་གི་རྟ་རྒྱུག་དུས་ཆེན་དང་། སྐྱེ་རྒུ་མདོའི་རྟ་རྒྱུག་དུས་ཆེན་སྐབས་ཡིག་ཚང་སོགས་ཀྱི་ཐོག་རྒྱ་ཡིག་ཆེན་པོ་བཀོད་ཡོད་པ་མཐོང་རྒྱུ་འདུག གནད་དོན་འདི་ནི་ཡིག་བྱང་གཅིག་གི་སྐོར་ཙམ་མིན་པར། བོད་ཀྱི་སྲོལ་རྒྱུན་བྱེད་སྒོ་ཞིག་གི་ནང་བོད་ཀྱི་སྐད་ཡིག་གི་གནས་བབ་འདི་ཇི་ཙམ་ཡོད་མེད་ཀྱི་འདི་མངོན་ཐུབ་ཀྱི་ཡོད་པ་རེད་དམ།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། ཕྱི་ཕྱོགས་སུ་རྒྱ་ནག་ནང་དང་རྒྱལ་སྤྱིའི་ཐོག་ལ་བོད་མིའི་ངོ་བོར་སྲུང་སྐྱོབ་ཡོད་མདོག་གིས་བོད་མིའི་འགྲོ་ལུགས་ཁ་ཤས་སྒྲོམ་གཞི་ཞིག་གི་འོག་ཏུ་བཅུག་ནས་ཁོང་ཚོའི་ཁེ་ཕན་དོན་དུ་གཏན་འབེབས་བྱས་ཏེ་བེད་སྤྱོད་བྱེད་བཞིན་པ་དང་། དེའི་ནང་རྟ་རྒྱུག་ལ་སོགས་པ་འདི་ཆ་ཤས་ཤིག་ཡོད་པ་དང་། རྟ་རྒྱུག་ངོ་མ་ནི་དུས་ཚོད་ངེས་ཅན་ཞིག་གི་ནང་སྤྱི་ཚོགས་ནང་ནས་ཡར་ཐོན་པ་ཞིག་ཆགས་ཡོད། དེང་སང་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་ཐོག་ནས་རྟ་རྒྱུག་བེད་སྤྱོད་བྱས་ཏེ་བོད་མིའི་མི་རིགས་ཀྱི་འགྲོ་ལུགས་དང་བོད་མི་རིགས་ཀྱི་གོམས་སྲོལ་ངོ་མ་ཡིན་པ་ཞིག་ད་ལྟའི་ཆར་མཚོན་ཐུབ་རྒྱུ་ཁག་པོ་ཆགས་ཡོད་ཅེས་གསུངས་བྱུང་།

དབྱར་དུས་བོད་ཀྱི་ས་ཁུལ་ཁག་ནས་རྟ་རྒྱུག་དུས་ཆེན་ཚོགས་བཞིན་པར་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག
ཉེན་རྟོག་པའི་ལྟ་ཞིབ་འོག་གི་རྟ་རྒྱུག་དུས་ཆེན། ༢༠༢༦ ལོའི་སྐྱེ་རྒྱུ་མདོའི་རྟ་རྒྱུག་སྐབས་ཀྱི་ཉེན་རྟོག་པ། (རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ།)

༢༠༢༦ ལོའི་ཆབ་སྲིད་ཀྱི་རྒྱབ་ལྗོངས།

འདི་ལོའི་རྟ་རྒྱུག་དུས་ཆེན་ཁག་ནི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་འདི་དངོས་སུ་ལག་བསྟར་བྱས་པའི་རྗེས་གཉེར་བ་ཞིག་ཆགས་ཡོད་ཅིང་། དེར་བརྟེན་བོད་ཀྱི་རིག་གཞུང་གི་བྱེད་སྒོ་དེ་རིགས་ནང་མངོན་གསལ་དོད་པོས་རྒྱ་ཡིག་རྒྱ་སྐད་བེད་སྤྱོད་བྱེད་ཕྱོགས་ཐད་དེ་སྔ་ལས་ཤུགས་ཆེ་བ་ཆགས་ཡོད་པ་མཐོང་ཐུབ་པ་ཞིག་རེད་འདུག འོན་ཀྱང་རྒྱ་ནག་གི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ཡིག་གི་དོན་ཚན་༢༡ པའི་ནང་མི་རིགས་ས་ཁུལ་ཁག་ཏུ་རང་མི་རིགས་ཀྱི་སྐད་དང་ཡི་གེ་གཙོ་བོར་བྱས་བེད་སྤྱོད་བྱ་ཆོག་པ་བཀོད་ཡོད།

འདས་པའི་རྟ་རྒྱུག་དུས་ཆེན།

༢༠༠༧ ལོའི་ལི་ཐང་རྟ་རྒྱུག་དུས་ཆེན་སྐབས་རོང་རྒྱལ་ཨ་གྲགས་ཀྱིས་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་སོགས་ཀྱི་སྐད་འབོད་བྱས་པ་དང་། དེའི་རྗེས་སུ་ཁོང་འཛིན་བཟུང་གིས་ལོ་བརྒྱད་ཀྱི་ཁྲིམས་བཅད་བཏང་ཡོད།

༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ངོ་རྒོལ་གཞི་རྒྱ་ཆེན་པོ་བྱུང་རྗེས། རྟ་རྒྱུག་ལྟ་བུའི་མང་ཚོགས་འདུ་འཛོམས་ཁག་ཚད་བཀག་དང་མཚམས་འཇོག་བྱས་པའི་གནས་ཚུལ་བྱུང་ཡོད།

དབྱར་དུས་བོད་ཀྱི་ས་ཁུལ་ཁག་ནས་རྟ་རྒྱུག་དུས་ཆེན་ཚོགས་བཞིན་པར་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག
ཉེན་རྟོག་པའི་ལྟ་ཞིབ་འོག་གི་རྟ་རྒྱུག་དུས་ཆེན། ༢༠༡༡ ལོའི་འདམ་གཞུང་གི་རྟ་རྒྱུག (Jacky Chen/REUTERS)

ད་ཆ་བོད་ཀྱི་རྟ་རྒྱུག་དུས་ཆེན་གཞི་རྒྱ་ཆེན་པོ་གཉེར་ཏེ་ཡུལ་སྐོར་དང་། རིག་གཞུང་འཁྲབ་སྟོན། ཚོང་འདུས་སོགས་ཀྱི་གོ་སྐབས་བསྐྲུན་ཡོད་ཀྱང་། ཉེན་རྟོག་པའི་སྐོར་གཡེང་དང་ལྟ་རྟོག་ལག་རྩལ་གྱི་ཁྲོད། བོད་ཀྱི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་གི་གནས་བབ་ལ་ཤུགས་རྐྱེན་གང་འདྲ་ཐེབས་སྲིད། ཡང་ན་ཡུལ་སྐོར་བའི་པར་ཆས་ནང་བོད་མི་དང་བོད་ཀྱི་ས་ཆ་འདི་ཡུལ་ལྗོངས་སུ་འགྱུར་ཡོད་པ་རེད་དམ། ཡང་ན་མཐའ་སྐོར་བའི་ནང་གི་བོད་མི་ཚོས་རྟ་རྒྱུག་དུས་ཆེན་ལ་རོལ་བའི་གྱི་རྣམ་པ་འདི་འདྲའི་ཐོག་ནས་བོད་མི་ཚོས་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་པའི་རྣམ་པ་ཞིག་སྟོན་གྱི་ཡོད་པ་རེད་དམ།