ཨ་ཉ་སེང་སྒྲ་ལགས་བཙོན་གྲོལ་བཏང་རྗེས་རྒྱ་ནག་གཞུང་གིས་མུ་མཐུད་དམ་དྲག་བྱེད་བཞིན་པ།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ལྐོག་ཟ་རུལ་སུངས་ཐེར་འདོན་བྱེད་མཁན་ཨ་ཉ་སེང་སྒྲ་ལགས་ལ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་པ་སྔ་ལོའི་ཕྱི་ཟླ་ ༩ ནང་ཚང་གི་ཡོད་ཀྱང་དུས་ཡུན་ཟླ་བ་ལྔ་བརྒལ་ཏེ་བཙོན་འཇུག་གིས་མཐར་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༧ ཉིན་མེན་ཡང་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་པ་དང་། སྐབས་དེར་ཕ་ཡུལ་མགོ་ལོག་དགའ་བདེ་རྫོང་གི་རྐྱང་ཆད་ཡུལ་ཚོའི་རང་ཁྱིམ་དུ་འབྱོར་ཡོད་པ་འབྲེལ་ཡོད་མི་སྣས་སྐབས་དེར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ཡོད། ཁོང་བཙོན་གྲོལ་ཐོབ་སྟེ་ད་ལྟ་ཟླ་བ་ ༤ མིན་ཙམ་སོང་བའི་སྐབས་འདིར་རྒྱ་ནག་གཞུང་གིས་ཁོང་གི་འགྲོ་འོང་ལ་ཚོད་འཛིན་བྱེད་པ་དང་། ཁ་པར་ལ་ཞིབ་བཤེར་བྱེད་པ། གང་བྱུང་དྲི་རྩད་བྱས་པ་བཅས་མུ་མཐུད་དམ་དྲག་བྱེད་བཞིན་ཡོད་པ་དང་། གཞུང་གི་ཆོག་མཆན་མེད་པར་སྨན་བཅོས་བྱེད་མི་ཆོག་པའི་དམ་དྲག་ཀྱང་བྱེད་བཞིན་ཡོད་པ་ཉེ་འབྲེལ་ཞིག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་བརྗོད་འདུག་ལ། ཨ་ཉ་སེང་སྒྲ་ལགས་སུ་ད་ལྟ་མཁལ་མའི་ནད་དང་། མིག་ཤེད་ཉམས་པ། ཁྲག་ཤེད་མཐོ་བ་སོགས་ནད་གཞི་ཚབས་ཆེ་ཡོད་ནའང་། སྨན་ཁང་དུ་སྨན་བཅོས་བྱེད་པར་གཞུང་གི་ཆོག་མཆན་ལེན་དགོས་ཤིང་། ཁོང་དང་ནང་མིས་ཐེངས་མང་ཞུ་བ་ཕུལ་ཡང་། གློད་གྲོལ་བྱས་རྗེས་ས་གནས་སྨན་ཁང་ཞིག་ཏུ་ཐེངས་གཅིག་ལས་འགྲོ་བཅུག་མེད་པས། གཟུགས་གཞིའི་གནས་སྟངས་ཡར་རྒྱས་བྱུང་མེད་སྐོར་བརྗོད་འདུགགནས་ཚུལ་འགྲེལ་བརྗོད་པ་གཞན་ཞིག་གིས། ཁོང་གློད་གྲོལ་བྱས་མ་ཐག་པའི་རྗེས་ཁོང་གི་པར་ཞིག་དྲ་ཐོག་ཏུ་ཁྱབ་བསྒྲགས་སོང་ཡོད་པས། དེ་ལ་ཁ་གཡར་ནས་གཞུང་གི་དབང་འཛིན་པས་ཨ་ཉག་སེང་སྒྲ་ལགས་སུ་ “ཁ་བྲལ་ཤོག་ཁག་དང་ཉེས་ཅན་ཚོགས་པར་འབྲེལ་བ་བྱས་པ་” ཞེས་ཉེས་འཛུགས་བྱས་ཡོད་པ་དང་། དེའི་རྐྱེན་གྱིས་ཁོང་ཡང་བསྐྱར་ས་གནས་ཉེན་རྟོག་པའི་ལས་ཁུངས་སུ་དྲི་རྩད་ཆེད་འབོད་འགུག་བྱས་པ་དང་། ཁ་པར་བཙན་འཕྲོག་གིས་ཞིབ་བཤེར་བྱས་པ། ཕྱི་ཕྱོགས་དང་འབྲེལ་བ་བཅད་དགོས་པའི་ཡིག་ཆ་ཞིག་ལ་མིང་རྟགས་འགོད་དུ་བཅུག་སྟེ་ཁོང་ལ་ལྟ་ཞིབ་དང་དམ་དྲག་ཆེས་ཤུགས་ཆེར་ཕྱིན་ཡོད་པ་བརྗོད་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། “རྒྱ་ནག་གཞུང་གི་ཁྲིམས་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་ཐད་གུས་བརྩི་ཡོད་སྐོར་བརྗོད་ཀྱི་ཡོད་ཀྱང་། ཨ་ཉག་སེང་སྒྲ་ལྟ་བུའི་རླབས་ཆེན་གྱི་མི་སྣ་ཞིག་ལ་དེ་ལྟ་བུའི་མནར་གཅོད་བཏང་བ་དེས། རྒྱ་ནག་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཟེར་བ་དེ་མིང་ཙམ་ལས་དོན་ངོ་མར་བོད་ནང་ལག་བསྟར་བྱེད་ཀྱི་མེད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་པ་བཙོན་འཇུག་བྱས་པ་ཆ་ཚང་གློད་བཀྲོལ་གཏོང་དགོས་ཤིང་། གལ་ཏེ་བོད་ནང་གི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཐུབ་ན། རྒྱ་ནག་ཙམ་དུ་མ་ཟད་འཛམ་གླིང་ཧྲིལ་པོའམ་འགྲོ་བ་མི་སྤྱི་ཡོངས་ཀྱི་བདེ་རྩར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།
ཨ་ཉག་སེང་སྒྲ་ལགས་ནི་ལོ་ ༥༥ ཡིན་པའི་འབྲོག་པ་ཞིག་ཡིན་པ་དང་། ༢༠༡༤ ལོར་ཁོང་གིས་ “མང་དོན་གླིང་།” (Mangdon Ling) ཞེས་པའི་ཚོགས་པ་མཉམ་འཛུགས་བྱས་ཏེ། ཁྲིམས་འགལ་གྱི་གཏེར་ལས་དང་། རི་དྭགས་རྔོན་རྒྱག་པ། མང་ཚོགས་ཀྱི་དངུལ་གྲོན་ལོག་སྤྱོད་བཅས་ལ་ངོ་རྒོལ་བྱས། དེའི་ནང་འབྲོག་པའི་སྡོད་ཁང་ཆེད་བགོས་པའི་སྒོར་ས་ཡ་ ༡༨ ལོག་སྤྱོད་བྱས་པའི་ཐད་གླེང་ཡོད་པས། ཁོང་འཛིན་བཟུང་བྱས་ཏེ་ལོ་གཅིག་དང་ཟླ་བ་གསུམ་གྱི་བཙོན་ཆད་ཕོག་ཤིང་། ༢༠༡༦ ལོར་གློད་གྲོལ་བཏང་པའི་རྗེས། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༤ ཉིན་ས་གནས་དགའ་བདེ་རྫོང་གི་སྤྱི་བདེ་ཉེན་རྟོག་མི་སྣས་ཨ་ཉག་སེང་སྒྲ་ལགས་སུ་སྤྱི་ཚོགས་ཀྱི་བརྟན་ལྷིང་གཏོར་བཤིག་བཏང་བའི་ཉེས་མིང་བཙུགས་ཏེ་འཛིན་བཟུང་བྱས་ཡོད་པ་རེད། འོན་ཀྱང་ཨ་ཉག་སེང་སྒྲ་ལགས་སུ་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༧ བར་ཁྲིམས་གཏུགས་མ་བྱས་པར་ལོ་གཅིག་ལྷག་བཀག་ཉར་བྱས་ཏེ། དེ་ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ལོ་བདུན་གྱི་ཁྲིམས་བཅད་བཏང་པ་དང་། སྐབས་དེར་ཨ་ཉག་སེང་སྒྲ་ལགས་ཀྱིས་ཉེས་འཛུགས་དེར་ངོས་ལེན་མ་བྱས་པར། བསྐྱར་དུ་ཁྲིམས་རྩོད་པ་ལེན་ཆི་སོགས་ཀྱི་བརྒྱུད་ནས་གོང་རིམ་ལ་ཞུ་གཏུགས་རིམ་པར་གནང་ཡོད་ཀྱང་ཁོང་ལ་ཉེས་ཡངས་ཀྱི་དོན་འབྲས་སྨིན་པ་གང་ཡང་བྱུང་མེད་པ་རེད།

ཨ་ཉ་སེང་སྒྲ་ལགས་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་ནང་དོ་སྣང་ཆེན་པོ་བྱས་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་རྟོགས་ཞིབ་པ་གསུམ་གྱིས་ཁོང་གི་གནས་སྟངས་སྐོར་འདྲི་རྩད་བྱས་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་མཉམ་མཐུན་ཚོཊ་པ་ International Federation for Human Rights (FIDH) ཡིས་ཁོང་ལ་ལམ་སེང་གློད་གྲོལ་གཏོང་དགོས་པའི་ཛ་དྲག་གི་གྲོས་ཆོད་གཏན་འབེབས་གནང་པ་ཡང་བྱུང་ཡོད་པ་རེད།།
