རིག་གནས་གསར་བརྗེའི་ལས་འགུལ་འདི་བོད་ནང་སྤེལ་སྐབས་རྙིང་པ་བཞི་རྩ་གཏོར་ཟེར་བའི་མིང་ཐོག་ནས་དམིགས་འབེན་གཙོ་བོ་ནི་བོད་ཀྱི་རིག་གཞུང་གི་ལྟེ་གནས་སུ་གྱུར་པའི་དགོན་པ་ཁག་དང་དེའི་རིག་གཞུང་རྒྱུན་འཛིན་གནང་མཁན་ཚོ་ཆགས་ཤིང་། ལྷ་སའི་བར་སྐོར་ནང་གི་གསུང་ཆོས་རྭ་བ་ལྟ་བུར་མཚོན་ན། ༡༩༦༦ ལོར་དགོན་པ་དང་ཁྱིམ་ཚང་ཁག་གི་ཕྱག་དཔེ་རྣམས་མེར་བསྲེགས་གཏོང་ས་དང་། དེ་སྔ་མང་ཚོགས་ཀྱི་གུས་བཀུར་ཞུ་ཡུལ་བླ་མ་དང་རྒན་རབས་ཚོ་ཡང་། མི་ཚོགས་ཀྱི་མདུན་དུ་ལྷ་འདྲེ་གདོན་བགེགས་ཀྱི་མིང་བཏགས་ནས་དགག་པ་འཐབ་འཛིང་བྱ་ཡུལ་དུ་གྱུར་པ་དང་། འདི་རྣམས་ནི་སྐབས་དེའི་འདྲ་པར་ནང་དུ་ད་ལྟའང་ཚང་མས་མཐོང་ཐུབ་པའི་གནས་ཚུལ་ཞིག་ཆགས་ཡོད།
བོད་ཀྱི་རྩོམ་པ་པོ་དང་ཞིབ་འཇུག་པ་ཚེ་རིང་འོད་ཟེར་ལགས་ཀྱིས། ཁོང་གི་པཱ་ལགས་ཚེ་རིང་རྡོ་རྗེ་ལགས་ཀྱིས་བླངས་པའི་འདྲ་པར་ཁག་གི་ནང་དུ་ཐོན་པའི་མི་སྣ་དང་དོན་རྐྱེན་ལ་ཞིབ་འཇུག་གཏིང་ཟབ་གནང་ཡོད། རིག་གནས་གསར་བརྗེའི་ལས་འགུལ་འདིའི་ནང་ལྷ་ལྡན་གཙུག་ལག་ཁང་ལ་གཏོར་བཤིག་བཏང་བའི་དོན་རྐྱེན་ཆེན་པོ་འདི་ནི་ ༡༩༦༦ ལོའི་ཟླ་ ༨ ཚེས་༢༤ ཉིན་ཐོན་ཡོད་ཅིང་། ལྷ་ས་སློབ་འབྲིང་གི་རྒྱ་མི་དང་བོད་པའི་སློབ་མ་ལས་གྲུབ་པའི་དམར་སྲུང་དམག་དང་། ལྷ་སའི་ས་ཁུལ་ཁག་གི་ཧུར་བརྩོན་ཅན་སོགས་ཀྱིས་གཏོར་བཤིག་དེའི་ནང་མཉམ་ཞུགས་བྱས་ཡོད། གཏོར་བཤིག་གི་དོན་རྐྱེན་འདིའི་ནང་ད་དུང་དགེ་རྒན་དང་ལས་བྱེད་པ། དམག་མི་བཅས་ཀྱིས་ཀྱང་མཉམ་ཞུགས་བྱས་ཡོད་པ་རེད།
ལྷ་ལྡན་གཙུག་ལག་ཁང་གཏོར་བཤིག་བཏང་པའི་རྗེས་ཀྱི་འདྲ་པར་ནང་། གཙུག་ལག་ཁང་གི་ཁྱམས་རར་སྐུ་འདྲ་དང་མཆོད་ཆས། མཆོད་ཀོང་། མ་ཎི་འཁོར་ལོ་སོགས་གཏོར་བཤིག་བཏང་སྟེ་འཐོར་ནས་ཡོད་པ་མཐོང་རྒྱུ་ཡོད། འོན་ཀྱང་གཙུག་ལག་ཁང་ནང་གི་སྐུ་འདྲ་དང་བཅས་པའི་རྒྱུ་དངོས་རྣམས་རྩ་གཏོར་དང་རྒྱ་ནག་ཏུ་དབོར་བའི་ལས་དོན་འདི་ཉིན་གཅིག་གི་ནང་མ་ཡིན་པར་དམིགས་ཡུལ་དང་ལྡན་པའི་ཐོག་ནས་གཙུག་ལག་ཁང་ལ་གཏོར་བཤིག་གི་ལས་དོན་འདི་ཟླ་བ་ཁ་ཤས་རིང་སྤེལ་ཡོད་འདུག་ལ། དེ་ལྟར་རྙིང་པ་བཞི་རྩ་གཏོར་ཟེར་བའི་མིང་ཐོག་ནས་བོད་ས་ཡོངས་སུ་ལོ་རྒྱུས་ཡུན་རིང་ལྡན་པའི་རྩ་ཆེའི་དགོན་པ་ཁག་ལ་གཏོར་བཤིག་ཆེ་ཤོས་འདི་རིག་གནས་གསར་བརྗེའི་སྐབས་སུ་བྱུང་ཡོད།

རིག་གནས་གསར་བརྗེའི་ལས་འགུལ་དེ་དགོན་པའི་ནང་ཙམ་མ་ཟད། ད་དུང་བོད་མི་སྒེར་སོ་སོའི་ཁྱིམ་ཚང་ནང་དུ་ཡང་འབྲེལ་བ་ཆགས་ཤིང་། ཁྱིམ་ཚང་ཁག་ལ་བསྔོག་བཤེར་བྱས་པ་དང་རྒྱུ་དངོས་གཞུང་བཞེས་བཏང་བ། ས་ཁུལ་མི་འདྲ་བའི་ནང་ལས་འགུལ་འདིའི་རྣམ་པ་ཡང་མི་འདྲ་བ་ཐོན་ཡོད། ཐ་ན་ལྷོ་ཁར་མཚོན་ན། བོད་མི་རྒན་གཞོན་ཚང་མའི་སྐྲ་གཅིག་གྱུར་གྱིས་ཐུང་ཐུང་བཟོས་ཡོད་པ་དང་། ལྷ་སའི་དགོན་པ་དང་སྐུ་དྲག ཚོང་པ་བཅས་ཀྱི་ཁྱིམ་ནས་གཞུང་བཞེས་བཏང་བའི་དངོས་པོ་ཁག་ཅིག་གཙུག་ལག་ཁང་དུ་སྤུངས་ནས་མེད་པ་བཟོས་ཡོད། སྐབས་དེར་བོད་མི་ཚོས་རང་ཁྱིམ་གྱི་རྒྱུ་ནོར་ཡོད་པ་འདི་ནག་ཉེས་སུ་འགྱུར་བའི་ཉེན་ཁ་དང་འཇིགས་སྣང་གིས་རིན་ཐང་ཡོད་པའི་དངོས་པོ་གཙང་ཆུར་དབྱུགས་པ་དང་། སྦས་སྐུང་བྱས་པའི་གནས་ཚུལ་ཡང་བྱུང་ཡོད།
ཡང་རང་ཉིད་ལ་དབང་བའི་རྒྱུ་ནོར་མེད་པ་བཟོས་པ་དང་གཞུང་བཞེས་བཏང་བ་དང་མཉམ་དུ། བོད་མི་སྒེར་ལ་དགག་པ་འཐབ་འཛིང་གི་ལས་འགུལ་ཐོན་ཡོད། འདི་ནི་མི་ཚོགས་མདུན་དུ་ལྷ་འདྲེ་གདོན་བགེགས་ཟེར་ནག་ཉེས་བཙུགས་པ་དང་། དམའ་འབེབས། བཙན་ཤེད་ཀྱིས་ཁྲོམ་སྐོར་ལ་ཁྲིད་པ་སོགས་བྱུང་ཡོད་ལ། མང་ཚོགས་ཁྲོད་ཉིན་མོ་ལས་ཀར་སྐྱོད་པ་དང་དགོང་མོ་ཚོགས་འདུར་སྐོང་ནས་དགག་པ་འཐབ་འཛིང་བྱེད་ཀྱི་ཡོད།
འོད་ཟེར་ལགས་ཀྱི་དེབ་ནང་འདྲ་པར་དང་བཅས་པའི་གནས་ཚུལ་ཁག་ཅིག་བཀོད་ཡོད་པའི་ནང་། བླ་སྤུལ་གྱི་ཞལ་རས་ལ་ཚོན་བྱུགས་པ་དང་། ཡང་ན་རང་ཁྱིམ་གྱི་རྒྱུ་དངོས་ལག་ཏུ་འཁྱེར་བཅུག་པ། ལྷ་སྐུའི་ཆས་གཡོག་པ་སོགས་ཀྱི་ཐོག་ནས་ཁྲོམ་སྐོར་དུ་ཁྲིད་ཡོད་ལ། ཡང་མི་འགའ་རེའི་མགོ་ལ་གཡོགས་པའི་ཞྭ་མོ་རིང་པོའི་ཐོག་དམའ་འབེབས་ཀྱི་ཡི་གེ་བྲིས་ཡོད། དེ་སྔ་བོད་མིས་དད་གུས་དང་བདག་གཅེས་བྱ་ཡུལ་གྱི་རྟེན་དང་ཡོ་བྱད་རྣམས་རིག་གནས་གསར་བརྗེའི་སྐབས་སུ་དམའ་འབེབས་བྱེད་པའི་ཡོ་བྱད་ཅིག་ལ་གྱུར་ཡོད།

དེས་མ་ཚད་དགག་པ་འཐབ་འཛིང་གི་དམིགས་འབེན་དུ་གྱུར་བའི་ནང་། དེ་སྔ་རྒྱ་ནག་གཞུང་གིས་བསྔགས་བརྗོད་བྱས་མྱོང་བའི་མི་སྣ་ཡང་ཚུད་ཡོད་པ་སྟེ། བསམ་སྡིངས་རྡོ་རྗེ་ཕག་མོ་ནི་ ༡༩༥༩ ལོར་རྒྱ་གར་ནས་བོད་དུ་ཕྱིར་ལོག་གནང་རྗེས། དམར་ཤོག་གཞུང་གིས་ཁོང་ལ་རྒྱལ་གཅེས་པ་ཞེས་བསྔགས་བརྗོད་བྱས་ཡོད་རུང་ལས་འགུལ་འདིའི་ནང་དམིགས་བསལ་གང་ཡང་མེད་པའི་ཐོག་དགག་པ་འཐབ་འཛིང་ཐེངས་མང་ཕོག་ཡུལ་དུ་གྱུར་ཡོད་ལ། བཙན་བྱོལ་དུ་སྐྱོད་ཐུབ་མེད་པའི་བླ་སྤུལ་དང་གཞུང་ཞབས་པ་ཁག་རིག་གནས་གསར་བརྗེའི་ལས་འགུལ་ནང་དགག་པ་འཐབ་འཛིང་ཕོག་ཡུལ་གཙོ་བོར་གྱུར་ཡོད་པ་ལས་རྒྱ་ནག་གཞུང་གིས་སྲུང་སྐྱོབ་བྱ་ཡུལ་ཞིག་མིན་པ་མངོན་ཡོད།
རིག་གནས་གསར་བརྗེའི་སྐབས་སུ་རྙིང་པ་གཏོར་ནས་གསར་པ་འཛུགས་པ་ཞེས་པའི་ལས་འགུལ་ནང་། བོད་ཀྱི་སྲོལ་རྒྱུན་སྔར་ཡོད་ཀྱི་སྲང་ལམ་དང་ཚོང་ཁང་། གྲོང་ཚོ་བཅས་ཀྱི་མིང་ལ་བསྒྱུར་བ་བཏང་པ་མ་ཟད། ཐ་ན་མི་སྒེར་གྱི་མིང་ལ་ཡང་བསྒྱུར་བ་བཏང་ཡོད་ལ། ལྷ་སའི་གསུང་ཆོས་རྭ་བ་ལ་གསར་འཛུགས་ཐང་ཆེན་ཞེས་མིང་བསྒྱུར་བྱས་ཡོད། འདི་ནི་བོད་ཀྱི་སྲོལ་རྒྱུན་དང་ལོ་རྒྱུས་ལ་རྡུང་རྡེག་བརྩིས་མེད་བཏང་པ་ཞིག་ཡིན་པར་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་ངོས་འཛིན་གནང་ཡོད།
འདི་ལྟར་རྙིང་པ་བཞི་གཏོར་བ་ཞེས་པའི་འབོད་ཚིག་འོག་བོད་ཀྱི་སྤྱི་ཚོགས་དང་བོད་མིའི་འཚོ་བ་གོམས་སྲོལ། རིག་གཞུང་དང་བཅས་པར་དམར་ཤོག་གཞུང་གིས་རིག་གནས་གསར་བརྗེའི་ལས་འགུལ་འདིའི་ནང་ཁྱོན་ཡོངས་ནས་དབང་བསྒྱུར་བྱས་པའི་གནས་སྟངས་འདི་མངོན་པ་དང་། བོད་མིའི་འཚོ་བའི་ཕྱོགས་མང་པོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
གོང་ཞུས་བོད་ཀྱི་དགོན་པ་དང་བོད་མི་སྒེར་གྱི་རྒྱུ་ནོར་སོགས་ལ་གཏོར་བཤིག་ཕོག་པའི་གནས་ཚུལ་འདི་རྣམས་ད་ལྟའི་མི་རབས་གསར་པ་ཚོས་བློ་ཡུལ་དུ་གཤོང་དཀའ་བ་ཞིག་ཡིན་རུང་། འདྲ་པར་གྱི་དཔང་པོའི་ཐོག་ནས་ར་སྤྲོད་ཐུབ་པ་ཞིག་ཆགས་ཡོད།
འོན་ཀྱང་གནོད་འཚེ་འདི་རྣམས་ཀྱིས་རིག་གནས་གསར་བརྗེའི་ལས་འགུལ་འདི་མཇུག་རྫོགས་མེད་པར། ༡༩༦༨ ལོའི་དྲག་པོའི་འཐབ་རྩོད་དང་གཙུག་ལག་ཁང་གི་དམར་གསོད། དེ་ནས་ ༡༩༦༩ ལོའི་སྙེ་མོ་དང་དཔལ་འབར་གྱི་དོན་རྐྱེན་དང་། འཛིན་བཟུང་། ཁྲིམས་གཅོད་བཅས་ཀྱི་སྐོར་ལེ་ཚན་རྗེས་མའི་ནང་ངོ་སྤྲོད་ཞུ་རྒྱུ་ཡིན།
འབྲེལ་ཡོད་གནས་ཚུལ།
ལེའུ་དང་པོ། རིག་གནས་གསར་བརྗེའི་དམར་པོའི་རླུང་འཚུབ་བོད་ནང་ཇི་ལྟར་འགོ་བཙུགས་པ།
