བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་སྲིད་འཛིན་ཊམཔ་མཆོག་གི་རྒྱ་ནག་འཚམས་གཟིགས་དང་འབྲེལ་བའི་རེ་འབོད་ཞུས་པ།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་ཕེབས་པའི་སྐབས། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱ་ནག་གཞུང་དང་བོད་མིའི་སྒྲིག་འཛུགས་ཡིན་ཡང་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་དབར་ལ་གྲོས་མོལ་འགོ་འདུགས་བྱེད་དགོས་པ་འདི་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། འདི་ནི་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་མཆོག་ཕྱི་ཟླ་ ༥ ཚེས་ ༡༤ དང་ ༡༥ བཅས་ཉིན་གྲངས་གཉིས་ཀྱི་རིང་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕྱོགས་ཕེབས་གནང་རྒྱུ་ཡིན་པ་དང་བསྟུན་ནས་རེ་འདུན་བཏོན་པ་ཞིག་ཡིན་པ་རེད།
ཕྱོགས་མཚུངས་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཐོག་དོ་སྣང་ཡོད་པའི་གྲོས་ཚོགས་འཐུས་མི་མང་པོས་རྒྱ་ནག་གིས་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ཐད་གླེང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། དེ་ཡང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་འཇེ་ཀི་རོ་སན་ (Jacky Rosen) ལགས་དང་འཇོན་ཀར་ཊིསི་ (John Curtis) གཙོས་པའི་གྲོས་ཚོགས་འོག་མའི་འཐུས་མི་འཇེམསི་མེག་གྷོ་ཝརནི་(Jim McGovern) ལགས་དང་ཡང་ཀིམ་ (Young Kim) ལགས་བཅས་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་འཐུས་མིས་སྣེ་ཁྲིད་འོག་འཐུས་མི་མང་པོས། ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་རི་ལེ་སྦརནསི་ (Riley Barnes) མཆོག་ལ་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་དག་ཐོག་གསལ་བཤད་གནང་དགོས་པ་དང་འགན་ཁུར་བཞེས་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད་ལ། བོད་ཕྱི་ནང་གཉིས་ཀྱི་བོད་མིས་སྲིད་འཛིན་ཊམཔ་མཆོག་གིས་ཞི་ཅིན་ཕིང་དང་མཇལ་མོལ་གནང་རྒྱུ་འདི་གོ་སྐབས་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་གསུངས་མཁན་འདུག
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཡིན་པ་དང་བོད་དེ་བཞིན་རྒྱ་ནག་དང་ཐ་དད་ཡིན་པ། མི་ལོ་བདུན་ཅུ་ལྷག་གི་རིང་རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་བཞིན་པའི་བྱ་ངན་གྱི་སྲིད་བྱུས་རྣམས་ཀྱི་སྐོར་ངེས་པར་དུ་གླེང་སློང་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས་སོང་།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས། སྲིད་འཛིན་ཊམཔ་མཆོག་གིས་རྒྱ་ནག་གཞུང་དང་ལྷན་དུ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་དང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གཙོ་བོར་གྱུར་བའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སོགས་ཀྱི་ཐོག་བཀའ་མོལ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་ཡི་འདུག
ཡང་བོད་ནང་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྒྱུད་བོད་མི་གཉིས་ཀྱིས་སྲིད་འཛིན་ཊམཔ་ལ་རེ་འདུན་བཏོན་པའི་ནང་། བདེ་འཇགས་ཆེད་མཚན་ཡོངས་གྲགས་གནང་འདོད་མེད་པའི་བོད་མི་གཅིག་གིས། བོད་ནི་རང་བཙན་གྱི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ལ། རྒྱ་ནག་གིས་ལོ་ངོ་ ༧༠ རིང་དྲག་གནོན་བྱས་ཀྱང་བོད་མིས་༸གོང་ས་མཆོག་ལ་དད་པ་དང་རང་དབང་གི་སྙིང་སྟོབས་ལ་འགྱུར་བ་གཏོང་ཐུབ་མེད། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དེ་གལ་ཆེན་ཡིན་ཞེས་གསུངས་བྱུང་། ཡང་བོད་ནང་གི་བོད་མི་གཞན་ཞིག་གིས། རྒྱ་ནག་གཞུང་གིས་བོད་དོན་ནར་འགྱངས་སུ་མ་བཞག་པར། ༸གོང་ས་མཆོག་ཞལ་བཞུགས་པའི་སྐབས་འདིར་ཁོང་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་གྱིས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཡོང་བ་ཞེས་རེ་འབོད་གནང་གི་འདུག
ཨ་རིའི་གཞུང་གིས་བོད་དོན་ཐོག་ལ་ལས་དོན་གནང་ཕྱོགས་ལ་མཚོན་ན། ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་རིམ་པ་བཞི་པའི་མཚན་གནས་ཡོད་པ་ལྷོ་དབུས་ཨེ་ཤེ་ཡའི་སྡེ་ཚན་གྱི་དྲུང་ཆེའི་ཕྱག་རོགས་ས་མིར་ཀ་པུར་ (Samir Kapur) ལགས་ཕྱི་ཟླ་ ༤ ཚེས་ ༢༠ ནས་ ༢༢ བར་བལ་ཡུལ་དུ་ལས་དོན་འཚམས་གཟིགས་ལ་ཕེབས་སྐབས། བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་སིར་ཁ་ནཱལ་ (Shisir Khanal) མཆོག་ལ། ༡༩༩༥ ནས་བཟུང་བོད་མི་སྐྱབས་བཅོལ་བ་ཚོར་ངོ་སྤྲོད་ཡིག་ཆ་སྤྲོད་མཚམས་བཞག་པ་དེ་བསྐྱར་གསོ་གནང་སྟེ་རོགས་སྐྱོར་གནང་དགོས་པའི་སྐུལ་མ་གནང་པ་ཡང་བྱུང་ཡོད།
ཨ་རིའི་གྲོས་ཚོགས་ནས་ད་བར་བོད་དོན་ཁྲིམས་ཡིག་གཏན་འབེབས་རིམ་པར་གནང་ཡོད་ལ། ད་དུང་ཕྱི་ཟླ་ ༤ པའི་ནང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རིཀི་སིཀོཊི་ (Rick Scott) དང་འཇེཧྥ་མརྐ་ལི་ (Jeff Merkley) གཉིས་ཀྱིས་བོད་ནང་དྲག་རྩུབ་ཀྱི་གནས་སྟངས་ལ་ངོས་འཛིན་གྱི་ཁྲིམས་འཆར་ (Tibet Atrocities Determination Act) གསར་པ་ཞིག་བཏོན་གནང་ཡོད།
ད་རེས་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་མཆོག་རྒྱ་ནག་ཏུ་ཕྱོགས་ཕེབས་གནང་རྒྱུ་འདི་ནི་ཕྱི་ལོ་ ༢༠༡༧ རྗེས་སུ་ཐོག་མར་འགྱུར་རྒྱུ་ཡིན་ཞིང་། ཞི་ཅིན་ཕིང་དང་མཉམ་ཚོང་དང་། འཕྲུལ་རིག་གནད་དོན། ཨི་རན་དང་བྱང་ཀོ་རི་ཡ་སོགས་དང་འབྲེལ་བའི་གནད་དོན་ཆེ་ཁག་མང་པོའི་ཐོག་བཀའ་བསྡུར་གནང་སྲིད་པ་གནད་དོན་དབྱེ་ཞིབ་པ་ཚོས་སྔོན་དཔག་གནང་གི་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
