ཁེ་ལི་ཧྥོར་ནི་ཡར་གནས་སྡོད་བུད་མེད་ཅིག་གིས་ཐའེ་ཝན་སྲིད་འཛིན་གྱི་བུ་ལ་གསང་མྱུལ་བྱས་ཏེ་རྒྱ་ནག་ལ་གནས་ཚུལ་སྤྲོད་ཀྱི་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་འདུག
ཨ་རིའི་གཞུང་འབྲེལ་མི་སྣས་ཁེ་ལི་ཧྥོར་ནི་ཡའི་ལོས་ཨེན་ཇེ་ལིས་གནམ་ཐང་ནས་ཝང་ཡིང་ཀྲང་ངམ་མིང་གཞན་ལ་ཧེ་དྷར་ཞེས་འབོད་པའི་བེུད་གཅིག་ཕྱི་ཟླ་ ༡༠ ཚེས་ ༤ རེས་གཟའ་ཉི་མའི་ཉིན་འཛིན་བཟུང་བྱས་ཡོད་པ་དང་། བེུད་དེས་ཐའེ་ཝན་སྲིད་འཛིན་གྱི་བུ་ཞིག་ལ་ལྟ་སྲུང་བྱེད་ཀྱི་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པ་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བརྗོད་འདུག
ཁེ་ལི་ཧྥོར་ནི་ཡར་ས་ཁང་ཚོང་གཉེར་བྱེད་མཁན་ཝང་ཡིང་ཀྲང་འཛིན་བཟུང་བྱས་སྐབས་ཁོ་མོ་རྒྱ་ནག་ཏུ་ཐོན་གྲབ་བྱེད་པའི་སྐབས་ཡིན་པ་དང་། རང་ལོ་ ༣༤ ཡིན་པ་ཁེ་ལི་ཧྥོར་ནི་ཡའི་ཨཡེར་ཝིན་དུ་གནས་སྡོད་བྱེད་མཁན་ཀྲང་ལ་ཨ་རིར་དེབ་སྐྱེལ་མེད་པའི་ཕྱི་འབྲེལ་མི་སྣའི་ལས་དོན་བྱེད་བཞིན་ཡོད་པའི་ཉེས་པ་བཙུགས་ཡོད་པ་རེད།
ཀྲང་གིས་ཐའེ་ཝན་སྲིད་འཛིན་ལའེ་ཆིང་ཏེའི་བུ་གཅིག་ལ་ལྟ་ཞིབ་བྱེད་ཀྱི་ཡོད་པ་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བརྗོད་ཀྱང་ཀྲང་གིས་དམིགས་ས་དངོས་སུ་ཡིན་མིན་མིང་དང་ཞིབ་ཕྲ་གསལ་བཤད་བྱས་མེད་ཀྱང་། ནིའུ་ཡོཀ་དུས་བབ་ཀྱིས་ཀྲང་གིས་དམིགས་འབེན་དུ་ཡོད་པ་དེ་ཨ་རིར་གནས་སྡོད་བྱེད་མཁན་ལའེ་ཏིང་ཡུ་ཡིན་པ་ར་སྤྲོད་བྱས་ཡོད་པ་རེད།
ཐའེ་ཝན་སྲིད་འཛིན་ལས་ཁུངས་ཀྱིས། བྱ་སྤྱོད་འདི་ནི་རྒྱུན་ལྡན་ནས་ལག་བསྟར་བྱེད་པའི་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་བྱ་ཐབས་ཡིན་པ་བརྗོད་དེ་ཐའེ་ཝན་གྱི་མི་སེར་སྲུང་སྐྱོབ་བྱས་པར་ཨ་རིའི་གཞུང་ལ་ལེགས་བརྗོད་གནང་ཡོད་པ་རེད།
ཐའེ་ཝན་གྱི་མགྲིན་ཚབ་པ་ཀ་རན་ཀུའོ་ཡིས་“འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་ཁབ་ཁག་གི་མངའ་དབང་ལ་རྩིས་མེད་བྱེད་པའི་དེ་འདྲའི་རྩུབ་སྤྱོད་ལ་ང་ཚོས་སྐྱོན་བརྗོད་ཚད་མཐོ་ཤོས་དེ་བྱེད་ཀྱི་ཡོད་” ཅེས་བརྗོད་འདུག
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་བརྗོད་དོན་ལྟར་ན། གནས་ཚུལ་འདིའི་ཐད་”རྒྱུས་མངའ་མེད་” ཅེས་དང་། “འདི་འདྲའི་རྒྱ་མིའི་སོ་མྱུལ་བ་ཟེར་འུར་སྒྲོག་གིས་རྒྱ་ནག་ལ་སྒྲོ་འདོགས་དང་ངན་བརྗོད་བྱེད་པར་རྒྱུན་དུ་ང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་” ཅེས་བརྗོད་འདུག
ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་གིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད།
ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གི་ཚོགས་གཙོ་ཇོན་མུ་ལེ་ནར་ (John Moolenaar) གྱིས་ “སླར་ཡང་རྒྱ་ནག་དམར་ཤོག་ཚོགས་པ་ (CCP) ཡིས་ཨ་རིའི་ནང་དུ་ཉེས་མེད་མི་སྣར་ལྟ་ཞིབ་དང་བསུན་བཙེར་བྱས་རྐྱེན་འཇུ་བཟུང་བྱས་ཡོད་པ་དང་། གསང་མྱུལ་གྱི་བྱ་སྤྱོད་དེ་ནི། ང་ཚོའི་རྒྱལ་ཁབ་ཀྱི་མངའ་དབང་ལ་ཚབས་ཆེའི་འགལ་འཛོལ་བྱས་པ་ཞིག་རེད། བྱ་སྤྱོད་འདི་ནི། ཨ་རིའི་ས་ཆའི་ཐོག་ཏུ་གནས་སྡོད་བྱེད་པའི་ཐའེ་ཝན་གྱི་སྲིད་འཛིན་གྱི་ནང་མི་ཚོར་དམིགས་པ་དང་། དེ་ཡང་ཐའེ་ཝན་སྲིད་འཛིན་གྱི་ནང་མིར་རྒྱ་ནག་དམར་ཤོག་ཚོགས་པས་གསང་མྱུལ་བྱེད་པར་རོགས་འདེགས་བྱེད་པ་ཞིག་ཡིན་པ་མངོན་གསལ་བྱུང་ཡོད་ལ། འདི་ནས་ཐའེ་ཝན་མཚོ་གླིང་དུ་བརྟན་ལྷིང་མེད་པ་བཟོ་བའི་གོ་ལ་སྤྱིའི་ཉེན་ཚབས་ཆེ་བའི་གནས་ཚུལ་ཞིག་རེད།” ཅེས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་གསུངས་འདུག
ཁོང་གིས་ད་དུང་། རྒྱ་ནག་དམར་ཤོག་ཚོགས་པས་ཨ་རིའི་མངའ་དབང་ལ་རྡོག་རོལ་བཏང་པ་དང་། ཐའེ་ཝན་ལ་ཉེན་ཁ་ཆེ་བའི་དགྲ་འཛིང་གི་ལྟ་སྤྱོད་འཛིན་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅེས་དང་། སྲིད་འཛིན་ལའེ་དང་ནང་མི་ཚོས་ཁོང་ཚོའི་མཉམ་དུ་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་དང་ཨ་རིའི་མི་མང་གིས་རྒྱབ་ལངས་ཡོད་པ་མཁྱེན་གྱི་ཡོད་པའི་རེ་བ་ཡོད་ཅེས་གསུངས་འདུག
ཨ་རིའི་ཁྲིམས་དོན་ལས་ཁུངས་ཀྱིས་བརྗོད་དོན་ལྟར་ན། ༢༠༢༥ ལོར་ཀྲང་གིས་སི་ཡེ་ཊལ་དུ་བསྐྱོད་དེ་རྒྱ་ནག་དཔོན་རིགས་ཀྱི་བཀོད་མངགས་འོག་ཐའེ་ཝན་སྲིད་འཛིན་གྱི་བུ་དང་ནང་མིའི་པར་དང་། བརྙན། མོ་ཊའི་བྱང་བུ་བཅས་རྒྱ་ནག་ལ་མཁོ་གཏོང་བྱས་ཡོད་པ་བརྗོད་འདུག
ཀྲང་ཞེས་འབོད་པའི་བེུད་དེ་རེས་གཟའ་ཟླ་བའི་ཉིན་ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་ལཱོས་ཨེན་ཇེ་ལིས་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་ཏུ་གཏུག་བཤེར་བྱེད་ཡོད་པ་རེད།།
པར་རིས་སྒྲིག་བཟོ་དང་བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
