རྒྱ་ནག་གིས་དྲྭ་ཐོག་སིམ་འཛུལ་གྱིས་སོ་ཉུལ་བྱས་པའི་དོན་རྐྱེན་ ༤༩ ངོས་འཛིན་བྱུང་པ།

“བོད་མིའི་སྤྱི་ཚོགས་ཁྲོད་དྲ་འབུ་བཟོས་ཏེ་གློག་འཕྲིན་ནང་གཏོང་མཁན་རྒྱ་ནག་དང་འབྲེལ་བ་ཡོད་པ་ཤེས་རྟོགས་ཐུབ་པ་དང་ར་སྤྲོད་ཀྱང་ཐུབ་ཡོད།”

བོད་པའི་སྤྱི་ཚོགས་ཁྲོད་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པའི་སྐབས་རྒྱ་ཕྱོགས་ནས་དྲྭ་ཐོག་སིམ་འཛུལ་གྱིས་སོ་ཉུལ་བྱས་པའི་དོན་རྐྱེན་ ༤༩ ངོས་འཛིན་བྱུང་པ་སྙན་ཐོ་འདོན་སྤེལ་གནང་པའི་ནང་ཐེར་འདོན་བྱས་འདུག

བོད་དོན་ལས་འགུལ་བསྟི་གནས་ཁང་གི་ (TibCERT) བོད་ཀྱི་གློག་ཀླད་ཉེན་སྲུང་ལྟ་ཞིབ་ཀྱི་གྲ་སྒྲིག་ཚན་ཁག་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བཞིན་པའི་སྐབས་རྒྱ་ནག་གི་དྲྭ་རྒྱའི་གསང་ཉུལ་གྱི་ལས་འགུལ་ཤུགས་ཆེ་རུ་ཕྱིན་པ་དང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་དམིགས་པའི་དྲ་རྒྱའི་གཏོར་རྒོལ་གྱི་གྲངས་འབོར་གྱི་ཚད་གཞི་འཕར་བ་གསལ་སྟོན་གནང་ཐོག དུས་ཡུན་དེའི་རིང་སྤྱི་ཚོགས་ཁྲོད་དོན་རྐྱེན་ ༤༩ ཤེས་རྟོགས་བྱུང་ཡོད་ཀྱང་། དོན་རྐྱེན་གྱི་གྲངས་འབོར་དངོས་ནི་དེ་བས་ཀྱང་མང་བ་ཡོད་པའི་དོགས་གཞི་བྱེད་ཀྱི་འདུག

དོན་རྐྱེན་ ༤༩ ར་ཕྲོད་བྱུང་པ།

དེ་ཡང་(TibCERT) ཡི་གདོང་ལེན་འགན་འཁུར་བ་ (Response manager) དགེ་འཕེལ་ནོར་བཟང་ལགས་ཀྱིས་གསུངས་དོན་དུ། ང་ཚོ་བོད་པ་ཡིན་དུས་བོད་དོན་དང་འབྲེལ་བའི་གནས་ཚུལ་ལ་རང་བཞིན་གྱིས་དོ་དབྱིངས་ཡོང་གི་ཡོད་ཙང་། སིམ་འཛུལ་བྱེད་མཁན་ཚོས། ༧སྐུ་མདུན་གྱི་འཁྲུངས་སྐར་དང་། བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་དུས་སྐབས། སྲིད་སྐྱོང་ལ་དྭགས་ཕེབས་པ་སོགས་ཀྱི་ནང་དོན་འདྲ་མིན་བེད་སྤྱད་དེ། དེ་དག་ལས་ཁེ་བཟང་བླངས་ཀྱི་ཡོད་པ་གསུངས་ཀྱི་འདུག དེ་ཡང་ཁོང་གིས་དཔེར་ན། བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྐབས་བོད་མི་རྣམས་ཀྱིས་སྤྱི་ཚོགས་དྲྭ་ལམ་ཐོག་དོ་སྣང་ཤུགས་ཆེ་བྱས་ཡོད་པའི་སྐབས་དེར། སིམ་འཛུལ་བ་ཚོས་གོ་སྐབས་སུ་བླངས་ཏེ་ཚོགས་སྒེར་ ༤༩ ཙམ་ལ་དེ་འབྲེལ་གློག་འཕྲིན་བརྒྱུད་སིམ་འཛུལ་བྱས་ཡོད་པའི་གནས་ཚུལ་ཤེས་རྟོགས་ཐུབ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བོད་ཀྱི་གློག་ཀླད་ཉེན་སྲུང་ལྟ་ཞིབ་ཀྱི་གྲ་སྒྲིག་ཚན་ (TibCERT) གྱིས་འདས་པའི་ཉམས་ཞིབ་བྱས་པའི་ཁྲོད། རྒྱ་ནག་ཕྱོགས་ནས་བོད་པའི་དུས་ཆེན་ཁག་དང་ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་སྐབས། མངོན་གསལ་དོད་པོའི་སྒོ་ནས་ལས་ཤུགས་ཇེ་ཆེར་གཏོང་གི་ཡོད་པ་ནི། ཉམས་ཞིབ་བརྒྱུད་འབུ་བཟོས་མཁན་སོགས་རྒྱ་ནག་དང་འབྲེལ་བ་ཡོད་པ་ཤེས་རྟོགས་ཐུབ་པ་དང་ར་སྤྲོད་ཀྱང་ཐུབ་ཡོད་པ་གསུང་གི་འདུག

གློག་འཕྲིན་བརྒྱུད་དྲ་ཐོག་འཐབ་རྒོལ།

སྙན་ཐོ་དེའི་ནང་ (Mustang Panda) དང་ (China-Nexus APT) ཞེས་པའི་ལྟ་ཞིབ་རུ་ཁག་གཉིས་བཀོལ་སྤྱོད་བྱས་ཏེ་དྲྭ་རྒྱར་སིམ་འཛུལ་དང་གཏོར་རྒོལ་གྱི་ལས་འགུལ་མི་འདྲ་བ་ཁག་ཅིག་གསལ་སྟོན་གནང་ཡོད་པ་ནི། (LotusLite backdoor) ཞེས་པའི་བརྒྱུད། དམིགས་འབེན་བཟུང་བའི་བོད་པའི་སྤྱི་ཚོགས་ནང་ཡོད་པའི་མི་སྣ་གལ་ཆེན་དང་ཚོགས་པ་གལ་ཆེན་རྣམས་ལ་མགོ་སྐོར་གཏོང་བྱེད་ཀྱི་གློག་འཕྲིན་ (Email) བཏང་སྟེ། ཁོ་ཚོའི་ཡོ་བྱད་ལ་གནོད་སྐྱོན་གཏོང་ཐབས་བྱས་ཤིང་། གཉིས་པ་(SNOWLIGHT/VShell) བརྒྱུད་བོད་པའི་སྤྱི་ཚོགས་ཀྱིས་བེད་སྤྱོད་བྱེད་པའི་དྲ་ཚིགས་ཤིག་ལ་སིམ་འཛུལ་གཏོར་རྒོལ་བཏང་སྟེ། དྲ་ཚིགས་གཏོར་སྐྱོན་ཕོག་པ་དེའི་ནང་ལྟ་ཀློག་བྱེད་མཁན་སུ་ཡིན་རུང་། དེ་དག་གི་ཡོ་བྱད་གཏོར་སྐྱོན་གྱི་ཉེན་ཁའི་ནང་ཚུད་པ་སོགས། ཐབས་ལམ་དེས་མི་མང་པོ་ཞིག་ལ་གནོད་སྐྱོན་ཐེབས་སྲིད་པ་གྱུར་ཡོད་པ་བཀོད་འདུག་ལ། ཕྱི་ལོ་ ༢༠༢༦ ཟླ་ ༧ པའི་ནང་བརྙེད་སོན་བྱུང་ཡོད་པ་ནི་ (China-Nexus APT) ཡིས་བཀོལ་སྤྱོད་བྱས་པའི་ (SNOWLIGHT/VShell) ཡིན་པ་དང་། དེས་བོད་ཡིག་གི་སྡེ་ཚན་མི་འདྲ་བ་ཁག་གི་རྩོམ་ཡིག་ ༡༨ ཀྱི་ནང་དོན་སོགས་ལ་གནོད་འཚེ་ཅན་གྱི་ (JavaScript) བཅུག་ཡོད་པ་ཤེས་རྟོགས་ར་ཕྲོད་བྱུང་འདུག

དགེ་འཕེལ་ནོར་བཟང་ལགས་ཀྱིས་གསུངས་ན། རྒྱལ་སྤྱིའི་ཁྲོད་དྲྭ་རྒྱའི་འཇབ་རྒོལ་དང་སིམ་འཛུལ་སོགས་ཀྱི་དགོས་དམིགས་འདྲ་མིན་ཡོད་ཀྱང་། བོད་པའི་གནད་དོན་དེ་ནི་ཆབ་སྲིད་ཁོ་ན་ཡིན་པས། དྲྭ་ཐོག་འཇབ་རྒོལ་དེ་དག་བརྒྱུད་རྒྱ་ནག་ཕྱོགས་ནས་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་གནས་ཚུལ་ག་ཚོད་མང་བ་ཤེས་ཚེ་དེའི་ཚོད་ཀྱིས་རྒྱ་ནག་གིས་བོད་ཀྱི་ཁ་གཏད་དུ་སྲིད་བྱུས་གཏིང་རྒྱུར་ཁེ་ཕན་བསྐྲུན་བཞིན་ཡོད་པ་གསུང་གི་འདུག

(TibCERT) ཞེས་བོད་ཀྱི་གློག་ཀླད་ཉེན་སྲུང་ལྟ་ཞིབ་ཀྱི་གྲ་སྒྲིག་ཚན་ཁག་གིས་འདོན་སྤེལ་གནང་བའི་སྙན་ཐོ་དེའི་བརྗོད་གཞིར་ (His Holiness The Dalai Lama’s 91st Birthday: A Celebration Shadowed by China’s transnational repression efforts) ཞེས་པ་འདོན་སྤེལ་བྱས་ཡོད་ཅིང་། གཙོ་བོ་འདི་ལོའི་འཁྲུངས་སྐར་སྐབས་རྒྱ་ནག་གིས་བོད་མིའི་ཐོག་ལ་ལྟ་སྲུང་དང་དྲ་ཐོག་ནས་གནོད་སྐྱོན་གཏོང་བའི་བྱ་འགུལ་གསལ་སྟོན་བྱེད་པའི་སྙན་ཐོག་ཞིག་ཡིན་འདུག་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་སྤྱི་དང་། ཁྱད་པར་༧གོང་ས་མཆོག་གི་ཕོ་བྲང་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཁག་གི་གློག་ཀླད་ནང་རྒྱ་ནག་གི་དྲ་འབུ་དང་། ཉུལ་ཞིབ་ཀྱི་མཉེན་ཆས་བཏང་པའི་གནས་ཚུལ་ར་ཕྲོད་བྱུང་པ་ནི་ལོ་ངོ་བཅུ་ཕྲག་གོང་ནས་བྱུང་བཞིན་པའི་གནད་དོན་ཞིག་ཆགས་ཡོད།

བོད་མི་ལས་འགུལ་བ་དང་ཤུགས་རྐྱེན་ལྡན་པའི་ཚོགས་སྒེར་དམིགས་འབེན་དུ་འཛིན་པ།

གཞན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (ICT) གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ (Richard Gere) ལགས་ཀྱིས་ཀྱང་། རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་ཚན་པ་ཁག་གིས་མིས་བཟོས་རིག་ནུས་སོགས་བཀོལ་སྤྱོད་ཀྱིས་ལྟ་ཞིབ་བྱེད་འདོད་ཡོད་པའི་བོད་མི་སྒེར་གྱི་ཞིབ་ཕྲའི་གནས་ཚུལ་ཕྱོགས་བསྡུ་བྱེད་བཞིན་ཡོད་པས། དེ་ནི་བོད་མི་ཁོ་ན་ཙམ་ཡིན་པར། ཆོས་ལུགས་ཀྱི་ཚོགས་སྡེ་ཁག་དང་། ལས་འགུལ་བ། གསར་འགོད་པ། ཐ་ན་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཡོངས་རྫོགས་ལ་མ་འོངས་པར་འཕྲད་སྲིད་པའི་དཀའ་ཉེན་གཅིག་པུ་མིན་པར་ད་ལྟ་ཉིད་དུ་འབྱུང་བཞིན་པ་ཞིག་རེད་ཅེས་གསུངས་འདུག

གློག་བརྙན་འཁྲབ་སྟོན་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་(Richard Gere)མཆོག ༢༠༡༥།༣།༡༧
གློག་བརྙན་འཁྲབ་སྟོན་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་(Richard Gere)མཆོག ༢༠༡༥།༣།༡༧ (lhuboom/RFA)

དེང་གི་དུས་སུ་དྲྭ་རྒྱ་ནི་འགྲོ་བ་མིའི་ཉིན་རེའི་བྱ་གཞག་གི་ནང་ལྡོག་ཏུ་མི་རུང་བའི་ཆ་ཤས་གལ་ཆེན་ཤིག་ཏུ་གྱུར་ཡོད་ཅིང་། དྲ་ཐོག་གི་བདེ་འཇགས་ཀྱིས་སྒེར་གྱི་བདེ་འཇགས་ལའང་ཤུགས་རྐྱེན་ཆེན་པོ་ཡོད་པར་བརྟེན། བོད་མི་ཚོར་རྒྱ་ནག་ཕྱོགས་ནས་དྲ་ཐོག་མྱུལ་ཞིབ་དང་ལྟ་སྲུང་། རྒོལ་རྡུང་གཏོང་བཞིན་ཡོད་པ་ཉམས་ཞིབ་རིམ་པའི་བརྒྱུད་ཤེས་རྟོགས་བྱུང་སྟེ། བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ (TibCERT) ཞེས་བོད་ཀྱི་གློག་ཀླད་ཉེན་སྲུང་ལྟ་ཞིབ་ཀྱི་གྲ་སྒྲིག་ཚན་ཁག་དེ་བསྐྲུན་ཏེ། ཚན་པ་དེས་བོད་མི་ཚོར་དྲྭ་ཐོག་གི་བདེ་འཇགས་དང་འཇབ་རྒོལ་སོགས་ལས་གཡོལ་ཐབས་ཀྱི་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད།།

པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།