མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་གསར་འཛུགས་གནང་སྟེ་ལོ་ངོ་ ༥༠ འཁོར་བ་དང་བསྟུན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་ཕུལ་འདུག
རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཅང་ལང་རྫོང་ཁོངས་སུ་ཡོད་པའི་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་སར་ཆེད་བཅར་གྱིས་ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཏེ། གཞིས་ཆགས་དེ་གསར་འཛུགས་གནང་ནས་འདི་ལོར་ལོ་ངོ་ ༥༠ འཁོར་གྱི་ཡོད་པ་དང་བསྟུན། གཞིས་ཆགས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་ཕུལ་འདུག

དེ་ཡང་བཞུགས་སྒར་དུ་བཅར་བའི་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ཀྱི་སྐུ་ཚབ་ཀརྨ་ཚེ་བརྟན་ལགས་ཀྱིས། “ཐེངས་འདིར་གཞིས་ཆགས་དེའི་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་དེས། གང་ཉིད་མཆོག་གི་སྐུ་གསུང་ཐུགས་རྟེན་དང་དགོངས་པ་ཆ་ཚང་མཚོན་ཞིང་། དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མཚོན་ཆེད་ཚེ་དཔག་མེད་ཀྱི་སྐུ་འདྲ་དང་། རིག་གསུམ་མགོན་པོ་དང་གུ་རུ་མཚན་བརྒྱད་བཅས་ཡོད་ལ། སྐབས་དེར་༧གོང་ས་མཆོག་གིས་ཐུགས་མཉེས་པོའི་ངང་དགྱེས་གཟིགས་གནང་བར་ང་ཚོ་མི་མང་ཚང་མ་ཧ་ཅང་དགའ་པོ་བྱུང་།” ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། གང་ཉིད་ཕེབས་རྗེས་སུ་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་སྐབས། རིམ་བཞིན་རྒྱ་གར་གྱི་ས་གནས་འདྲ་མིན་ནང་བོད་མི་འདུ་སྡོད་ཀྱི་གཞིས་ཆགས་གསར་འཛུགས་ཞུས་པའི་ཁོངས་ནས་རྒྱ་གར་བྱང་ཤར་མེའོ་ཆོས་འཕེལ་གླིང་བོད་མིའི་གཞི་ཆགས་ནི། ཕྱི་ལོ་ ༡༩༦༢ ལོར་ཨ་རུ་ན་ཅཱལ་ཁོངས་ཏི་རབ་རྫོང་ཅང་ལང་གཞིས་ཆགས་གོང་འོག་གཉིས་ལ་ཁྱིམ་གྲངས་ ༣༡༣ དང་མི་གྲངས་ ༡༡༣༣ གཞིས་ཆགས་སུ་འཁོད་འདུག་ཀྱང་། ཆགས་ཡུལ་ས་ཆ་ཡོངས་རྫོགས་བྲག་རི་དང་གཡང་གཟར་ཡིན་སྟབས། ནགས་བཅད་རྡོ་བསློགས་སོགས་བྱས་རྗེས་ལོ་ངོ་གཉིས་ཙམ་རིང་སྟོན་འབྲས་གང་ལེགས་ཐོན་འདུག་ཀྱང་། དེའི་རྗེས་སྔར་ལྟར་སྟོན་ཏོག་མི་སྐྱེ་བ་དང་ཆར་ཞོད་ཆེ་དུས་མྱུ་གུ་ཕལ་ཆེ་བ་ཆུས་འཁྱེར་བ་སོགས་ཀྱི་དཀའ་ངལ་འཕྲད་དེ། གཞིས་ས་གཞན་དུ་སྤོ་རྒྱུའི་ཆོག་མཆན་ཞུས་ཀྱང་ཐག་གཅོད་མ་བྱུང་བར་ལོ་ངོ་དྲུག་ཙམ་འགོར་བའི་དུས་ཡུན་རིང་། ཁྱིམ་ཚང་ ༩༨ ཙམ་ཨོ་རི་ས་དང་། མའེ་སོར། ཀོ་ལི་སྒལ། བྷན་རྡ་ར་བོད་མིའི་གཞིས་ཆགས་བཅས་སུ་ཕྱིན་འདུག དེ་རྗེས་ཕྱི་ལོ་ ༡༩༧༦ ཟླ་ ༡༢ ཚེས་ ༣ ཉིན་ད་ལྟའི་གནས་ཡུལ་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་གནས་སྤོས་བྱས་པ་ཞིག་རེད་འདུག ཐོག་མའི་ཆར་གཞིས་ཆགས་དེར་བོད་མིའི་ཁྱིམ་ཚང་ ༣༥༧ དང་མི་གྲངས་ ༡༣༠༠ འདུག་ཅིང་། ད་ལྟའི་ཆར་གཞིས་ཆགས་དེར་གཞིས་གྲོང་ལྔ་ཡོད་པའི་ནང་མི་གྲངས་ ༣༠༠༠ མ་ཟིན་ཙམ་ཞིག་ཡོད་པ་རེད་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
