རྒྱ་ནག་གི་གནོན་ཤུགས་འོད་བོད་དོན་ལ་རྒྱབ་སྐྱོར་དང་། ལས་འགུལ་སོགས་ལ་འགོག་རྐྱེན་ཕྲད་དང་འཕྲད་བཞིན་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་ལ་རྒྱ་ནག་གཞུང་གིས་རྒྱ་ནག་གི་ཕྱི་ཕྱོགས་སུ་ཚོང་འབྲེལ་དང་། ཆབ་སྲིད། གསང་མྱུལ་སོགས་གང་ཅིའི་ཐད་ནས་ཤུགས་རྐྱེན་སླེབས་བཞིན་ཡོད་པ་བོད་དོན་ཐོག་ལ་དོ་འཁུར་ཡོད་མཁན་ཚོས་དོ་སྣང་བྱུང་བཞིན་ཡོད་པ་རེད། དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཁང་ལ་འགོག་རྐྱེན་བཟོ་ཆེད་ཆིབས་སྒྱུར་བསྐྱངས་ཡུལ་གྱི་རྒྱལ་ཁབ་ཀྱི་གཞུང་ཁག་ལ་གནོན་ཤུགས་སྤྲད་པ་ནི་ལོ་རྒྱུས་ནང་གསལ་པོར་གྱུར་ཡོད་ལ། ལྷག་པར་ལོ་བཅུ་ཕྲག་གཉིས་ཙམ་གྱི་སྔོན་ལ་མཚོན་ན། ཨ་རིའི་གྲོས་ཚོགས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་སྐབས་རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་སྐབས་དེ་དུས་ཀྱི་ཨ་རིའི་སྲིད་འཛིན་ཇོར་ཇི་ཌབ་ལུ་བྷུཤི་ཡི་ཐག་གཅོད་དེ་ལ་སྐྱོན་བརྗོད་དང་འགོག་རྐྱེན་བཟོ་བའི་གནོན་ཤུགས་སྤྲོད་ཐབས་བྱས་པའང་བྱུང་ཡོད། འདི་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་གནང་མཁན་ལྕམ་པའོ་ལ་ཌོསྦ་རེཡེནསྀ་ཀཱི་ལགས་ཀྱིས་ཉེ་ཆར་ཝ་ཤིང་ཊོན་དུ་ཚོགས་པའི་བགྲོ་གླེང་གི་ལས་རིམ་ཞིག་གི་སྐབས་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་ཐབས་ཀྱི་འབད་བརྩོན་བྱས་པ་དེར་དྲན་གསོ་གནང་ཡོད། འོན་ཀྱང་ཨ་རིས་རྒྱ་ནག་གི་གནོན་ཤུགས་འོག་མི་ཚུད་པར་བྱས་ཏེ་ཕྱི་ལོ་ ༢༠༠༧ ཟླ་ ༡༠ ནང་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བའི་མཛད་སྒོ་དེ་ཚོགས་པ་མ་ཟད། གྲོས་ཚོགས་འཐུས་མི་དང་སྲིད་འཛིན་ཇོར་ཇི་ཌབ་ལུ་བྷུཤི་བཅས་ཆེད་དུ་མཉམ་ཞུགས་གནང་ཡོད། བོད་དོན་རྒྱབ་སྐྱོར་བ་ཚོས་ད་ལྟ་འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནང་རྣམ་པ་འདྲ་མིན་གྱི་འོག་བོད་དོན་ལས་འགུལ་བ་དང་རྒྱབ་སྐྱོར་བ་ཚོར་རྒྱ་ནག་གཞུང་གི་གནོན་ཤུགས་མུ་མཐུད་ནས་སྤྲོད་བཞིན་ཡོད་སྐོར་གསུང་གི་འདུག

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་དང་མཇལ་འཕྲད་གནང་རྒྱུ་མེད་པའི་སྐུལ་མ།
དེ་མིན་ཟླ་བ་འདིའི་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡུ་རོབ་ཀྱི་ནེ་དྷར་ལེནཌི་གྱི་གྲོང་ཁྱེར་ཧེག་ནང་སྐོང་འཚོགས་གནང་བའི་ IPAC འམ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ལོ་འཁོར་ལྷན་ཚོགས་ཐོག་མཉམ་ཞུགས་གནང་སྐབས། ཧེག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ནེ་དྷར་ལེནཌི་གྱི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་གཞུང་འབྲེལ་ཐོག་ནས་ཕྱི་ཟླ་ ༡༡ ཚེས་ ༤ འཁོད་པའི་ཡི་གེ་ཞིག་བཏང་སྟེ། གྲོས་ཚོགས་འཐུས་མི་རྣམས་ཀྱིས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་རྒྱུ་མེད་པའི་སྐུལ་མ་བྱས་པའི་གནས་ཚུལ་བྱུང་ཡོད་ཅིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ནི་དར་ལེནྜ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་འབྲེལ་བ་བྱས་ཏེ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་པའི་ཡིག་འབྲེལ་བྱས་པ་དེ་བདེན་པ་ཡིན་མིན་དང་དེའི་ཐད་གདོང་ལེན་ཇི་ལྟར་གནང་གི་ཡོད་མེད་ཐད་བཀའ་འདྲི་ཞུས་པར། ཚོགས་ཆུང་དེའི་ངོས་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་ཡོད་པའི་བདེན་དཔང་གི་ཚུལ་དུ་གྲོས་ཚོགས་ཀྱི་དྲ་རྒྱའི་ཐོག་སྲིད་སྐྱོང་གི་མཛད་རིམ་དང་འབྲེལ་བའི་བརྙན་རིས་ཁག་མཁོ་སྤྲོད་གནང་པ་ལས། རྒྱ་ནག་གི་གནོན་ཤུགས་འདིའི་ཐད་ལན་འདེབས་གནང་མ་བྱུང་། འོན་ཀྱང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་བཅར་འདྲིའི་ལས་རིམ་ཐོག རྒྱ་ནག་གཞུང་གིས་ནེ་དྷར་ལེནཌི་གཞུང་ལ་གནོན་ཤུགས་སྤྲད་པ་འདི་དངོས་བདེན་ཡིན་པ་དང་། གཞུང་སོ་སོས་ངོས་ནས་འདི་དག་གསལ་སྤྲོད་བྱ་རྒྱུ་གལ་ཆེན་ཡིན་པ་གཞུང་གི་མི་སྣ་མཇལ་མོལ་སྐབས་གསུངས་པ་ཡིན་ཞེས་བརྗོད་བྱུང་།

ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་དང་ཞུ་གཏུག་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ “ང་ཚོས་དེང་སང་གི་གནས་སྟངས་ལ་ལྟ་སྐབས་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་པའི་ཐབས་བྱུས་དེ་ཧ་ཅང་ཤུགས་ཆེ་རུ་ཕྱིན་ཡོད། ལྷག་པར་དུ་ཨ་རི་མ་ཡིན་པའི་རྒྱལ་ཁབ་ཁག་གི་ཆབ་སྲིད་པ་ཚོར་གནོན་ཤུགས་སྤྲོད་བཞིན་ཡོད། གནས་ཚུལ་ཁ་ཤས་ནང་རྒྱལ་ཁབ་དེ་དག་གི་ཆབ་སྲིད་པ་ཚོས་རྒྱ་ནག་ལ་ཉན་འཇོག་བྱ་དགོས་པའི་གནོན་ཤུགས་འཚོར་གྱི་ཡོད། ཨ་རིའི་ནང་གནོན་ཤུགས་དེ་འདྲ་ཤུགས་ཆེན་པོ་མེད་ཀྱང་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་འདི་དག་ཁྲོད་རྒྱ་ནག་གཞུང་གིས་ཐད་ཀར་བཀོལ་སྤྱོད་མེད་ནའང་མི་སྒེར་དང་ལས་དོན་སྒྲུབ་མཁན་གྱི་ཐབས་ལམ་བརྒྱུད་ནས་གཏོང་ཐུབ་ཀྱི་ཡོད་རེད།” ཅེས་གསུངས་བྱུང་།

ཁེ་ན་ཌར་གནས་བཞུགས་བོད་རིགས་ཤེས་ཡོན་རིག་པ་བ་ཞིག་ལ་རྒྱ་ནག་ནང་ཁྲིམས་གཏུག
ཡང་རྒྱ་ནག་གཞུང་གིས་བོད་དོན་ལས་འགུལ་བ་ཚོར་གནོན་ཤུགས་སྤྲོད་རྒྱུའི་བྱེད་བབ་འདི་ཆབ་སྲིད་དང་གཞུང་འབྲེལ་གྱི་སྒྲིག་འཛུགས་གཅིག་པུ་མིན་པར། རྒྱ་ནག་གཞུང་གི་“མི་སེར་སྤེལ་ཡུལ་”བོད་ནང་གི་བཅའ་སྡོད་སློབ་གྲྭའི་གནས་སྟངས་ཐེར་འདོན་དང་རྒྱལ་སྤྱིའི་སྤྱི་ཚོགས་སུ་དྲིལ་བསྒྲགས་རྒྱ་ཆེ་གནང་མཁན་རྒྱལ་ལོ་ལགས་སུ་སྔ་མོ་ཁོང་གིས་ཕྱག་ལས་གནང་ས་ཡུ་ནན་རྒྱུན་ལྡན་སློབ་གྲྭ་ཆེན་མོས་རྒྱ་ནག་ནང་དུ་ཁྲིམས་གཏུག་བྱས་ཡོད་པའི་ཡིག་ཆ་ཞིག་ཁོང་གི་བཟའ་ཟླར་ཉེ་ཆར་སྤྲད་པ་དེ་ཕྱི་ཟླ་ ༩ ཕྱི་ཚེས་ ༢༣ ཉིན་ལག་སོན་བྱུང་ཡོད་པ་དང་། དེའི་ནང་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༥ ཉིན་དེ་འབྲེལ་རྒྱ་ནག་ཏུ་ཉན་ཞིབ་ལ་ཡོང་དགོས་པའི་བརྡ་ཐོ་བཏང་ཡོད་འདུག
ཁེ་ན་ཌར་རྟེན་གཞི་བྱེད་པའི་བོད་དོན་ལས་འགུལ་ཁང་གིས་ཁྲིམས་གཏུག་གི་བྱ་སྤྱོད་དེ་རྒྱལ་ལོ་ལགས་ལ་འཇིགས་སྐུལ་བྱེད་པའི་ཐབས་ཤེས་དང་འབད་བརྩོན་ཡིན་པར་ངོས་འཛིན་བྱས་ཀྱི་ཡོད་པ་དང་། ཁྲིམས་གཏུག་གི་གནད་དོན་འདི་རྒྱ་ནག་གིས་ཁེ་ན་ཌའི་ནང་རྒྱུན་འཁྱོངས་ཡོང་ཐབས་སུ་འབད་བརྩོན་བྱེད་སྲིད་པའི་བློ་འཚབ་ཡོད་པ་ཡང་བརྗོད་འདུག

བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཤུགས་ཆེ་རུ་འགྲོ་རྒྱུའི་ཉེན་བརྡ།
རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུག་དང་འབྲེལ་ནས་ཕྱི་འབྲེལ་ལས་དོན་དང་། དེ་བཞིན་བོད་དོན་འཐབ་རྩོད་པ་ལ་ཁྲིམས་ཐོག་གི་གནོན་ཤུགས་སྤྲོད་པ་སོགས་ཀྱི་གནད་དོན་དེ་དག་ནི་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་བོད་མི་ཚོར་འགོག་གནོན་དང་ཤུགས་རྐྱེན་སྤྲོད་ཐབས་བྱེད་པར་བོད་མིའི་སྒྲིགས་འཛུགས་ཀྱི་འགོ་ཁྲིད་ཚོས་ངོས་འཛིན་དང་གསལ་སྟོན་གནང་ཐབས་གནང་བཞིན་ཡོད་པ་རེད།
བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རྒྱལ་སྤྱིའི་རྒྱབ་སྐྱོར་དེ་གདུང་སེམས་མཉམ་སྐྱེད་ཙམ་མ་ཡིན་པར་དོན་དངོས་སུ་སྲིད་བྱུས་ཐོག་ལ་བསྒྱུར་ནས་མི་མང་ལ་གོ་རྟོགས་སྤེལ་རྒྱུ་དང་ཡང་རྒྱ་ནག་གཞུང་གིས་བོད་དོན་སྐོར་གླེང་སློང་བྱེད་མཁན་ཚོར་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གནས་ཚུལ་དེ་ཚོ་ལ་དོ་སྣང་མང་བ་སྤྲོད་དགོས་པ་བརྗོད་བྱུང་།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
