སྦརཱ་ཛིལ་མི་མང་གིས་༧གོང་ས་མཆོག་ལ་དད་གུས་དང་བོད་དོན་ལ་དོ་སྣང་།

སྦརཱ་ཛིལ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིར་ཡིད་སྨོན་སྐྱེས་ཏེ་རྗེས་སུ་འཇུག་མཁན་མང་དག་ཅིག་ཡོང་བཞིན་ཡོད་པ་རེད།

འཛམ་གླིང་ཡུལ་གྲུ་གང་ས་ནས་དད་ལྡན་པ་རྣམས་འཆར་ཅན་༧གོང་ས་མཆོག་གི་སྐུ་མདུན་དུ་མཇལ་ཞུའི་སླད་བཞུགས་སྒར་རྡ་སར་བཅར་གྱི་ཡོད་པ་བཞིན། ཕྱི་རྒྱལ་བ་མི་མང་པོས་རང་ཉིད་ཀྱི་རྒྱབ་ལྗོངས་ཀྱི་ཆོས་ལུགས་གང་ཡིན་ལ་མ་ལྟོས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིར་ཡིད་སྨོན་སྐྱེས་ཏེ་རྗེས་སུ་འཇུག་གི་ཡོད་པ་རེད།

སྦརཱ་ཛིལ་ནས་ཡིན་པ་ད་ལྟའི་ཆར་དགའ་ལྡན་ཆོས་གླིང་ནང་མཚན་ཉིད་སྦྱང་གི་ཡོད་པ། ཨ་ནེ་བསྟན་འཛིན་རྣམ་སྒྲོན་ལགས་ཀྱིས་སྣེ་ཁྲིད་པའི་སྦརཱ་ཛིལ་ནས་མི་གྲངས་ ༣༦ ཙམ་ཞིག་ཕྱི་ཚེས་ ༡༨ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་ཏེ། ཁོང་རྣམས་ལ་ཧ་ཅང་རྩ་ཆེ་བ་ཞིག་ཡིན་པ་གསུངས་བྱུང་ལ། དུས་རྟག་ཏུ་མི་གཞན་ལ་ཕན་ཐོགས་གང་ཐུབ་བསྒྲུབ་རྒྱུ་སེམས་ལ་བཅང་རྒྱུ་ཡིན་པ་གསུངས་བྱུང་ལ། སྦར་ཛིལ་ནང་མཚོན་ན་མི་ཕལ་ཆེ་བ་ཡི་ཤུ་ཡིན་ནའང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་ཞི་བདེའི་དགོངས་གཞི་སོགས་ལ་ཡིད་ཆེས་ཀྱིས། ༧གོང་ས་མཆོག་ལ་དད་པ་གནང་མཁན་ཧ་ཅང་མང་པོ་ཡོད་པ་གང་ཞིག བོད་དོན་ལའང་རྒྱབ་སྐྱོར་ཆེན་པོ་གནང་གི་ཡོད་པ་གསུངས་བྱུང་།

སྤྱིར་སྦརཱ་ཛིལ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་ནས་རྒྱང་ཐག་རྩིས་ན་ཀི་ལོ་མི་ཊར་ ༡༤༤༠༠ ཙམ་དང་ཨ་རི་དང་ཡོ་རོབ། ཨེ་ཤེ་ཡ། ཨཕ་རི་ཀ་བཅས་གླིང་ཕྲན་བཞི་བརྒལ་བའི་ས་ཚིགས་སུ་གནས་ཡོད་ཀྱང་། བོད་ཀྱི་ཆོས་དང་ཆབ་སྲིད་གཉིས་ཀར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པའི་ལྷོ་ཨ་རིའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་མ་ཟད། མི་སེར་ཁག་ཅིག་བོད་བརྒྱུད་ནང་བསྟན་ལ་དྭང་བ་ཧ་ཅང་སྐྱེས་ཏེ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེར་ཆོས་ཞུགས་ཀྱིས། མཚན་ཉིད་སློབ་སྦྱོང་གནང་མཁན་ཡང་མང་པོ་ཡོད་པ་རེད།

བོད་དོན་ཆབ་སྲིད་ཀྱི་ཐོག་ནས་ཞུས་ན། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༣ ཉིན་སྦརཱ་ཛིལ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ལྦལ་ཀྲར་ཕེལདྲ་མེན་ལགས་ཀྱིས་སྣེ་ཁྲིད་དེ་གྲོས་ཚོགས་ཀྱི་འཐུས་མི་ ༢༡༥ ཡིས་རྒྱབ་སྐྱོར་ཐོག སྦེརེ་ཛིལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དངོས་སུ་གསར་འཛུགས་གནང་ཡོད་པ་རེད། སྐབས་དེར་ལྦོལ་ཀྲར་ཕེལདྲ་མེན་ལགས་ཀྱིས། བོད་དོན་ཚོགས་པ་གསར་འཛུགས་གནང་པ་དེ་ནི་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་འབྱུང་པར་ལེགས་སྐྱེས་ཕུལ་བ་ཞིག་ཡིན་པས། བོད་མི་ཚོར་འདྲ་མཉམ་ཀྱི་ཐོབ་ཐང་ཞིག་ཡོང་ཐབས་དང་། དངོས་སུ་ལག་བསྟར་དོན་འཁྱོལ་ཡོང་ཐབས་སུ་ཁོང་ཚོའི་འཐབ་རྩོད་དེར་རྒྱབ་སྐྱོར་གནང་པ་ཞིག་ཡིན་པ་གསུངས་ཡོད་པ་རེད།

ཧྥ་བི་ཡ་ན་ལགས་ཀྱིས་༧གོང་ས་མཆོག་གི་མཇལ་ཁ་ཐོབ་མཚམས་གསུངས་དོན་དུ། དེ་རིང་ནི་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན་པས། ང་ལ་སེམས་ཚོར་ཤུགས་ཆེན་པོ་ཡོང་གི་འདུག ངས་མི་ཚེ་འདིའི་སྙིང་པོ་གང་རེད་ཅེས་བཀའ་འདྲི་ཞུས་པར། ༧མགོན་པོ་མཆོག་གིས། བྱམས་སྙིང་རྗེ་ཞེས་ཐེངས་མང་བཀའ་སྩལ་སོང་ལ། དེ་ནི་མི་ཚེའི་ནང་བྱ་གཞག་ཚད་མཐོ་ཤོས་དེ་རེད་ཅེས་དང་མུ་མཐུད་ལག་བསྟར་བྱོས་ཞེས་བཀའ་ཕེབས་ཡོད་པ་གསུངས་བྱུང་།

ལོ་ར་པ་ཀེར་ལགས་ཀྱིས། ༧གོང་ས་མཆོག་གི་མཇལ་ཁ་ནི་ཧ་ཅང་སེམས་འགུལ་ཐེབས་པོ་ཞིག་བྱུང་། བྱམས་སྙིང་རྗེ་དང་བརྩེ་བ་ལྡན་པའི་ཁོར་ཡུག་ཅིག་གི་ནང་ཡོད་པའི་ཚོར་བ་ཆེན་པོ་བྱུང་ལ། ༧གོང་ས་མཆོག་མཇལ་བ་དེ་ནི་བརྗོད་དཀའ་བའི་ཚོར་བ་ཞིག་རེད་འདུག་ཅེས་གསུང་གི་འདུག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་མཛད་པའི་ཁྲོད། སྦར་ཛིལ་ནང་དུ་ཐེངས་བཞི་ཙམ་ཆིབས་བསྒྱུར་མཛད་འདུག་ལ། ཕྱི་ལོ་ ༡༩༩༩ ལོར་སྐབས་དེའི་སྦར་ཛིལ་གྱི་སྲིད་འཛིན་ Fernando Henrique Cardoso ལགས་དང་མཇལ་འཕྲད་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༡༡ ནང་༧གོང་ས་མཆོག་སྦརཱ་ཛིལ་ནང་ཆིབས་བསྒྱུར་བསྐྱངས་སྐབས། སྦརཱ་ཛིལ་གྱི་ཚོང་པ་དང་བཟོ་གྲྭ་ཆེ་ཁག་གི་འཛིན་སྐྱོང་དབུ་ཁྲིད་རྣམས་ལ། དུས་རབས་ཉེར་གཅིག་པའི་ནང་མི་རྣམས་ཀྱིས་ཞི་བདེ་དང་གྲོས་མོལ་གྱི་ལམ་ནས་དམག་འཁྲུག་དང་དཀའ་རྙོག་སེལ་ཐབས་ལ་འབད་དགོས་ཤིང་། སྤྱི་ཚོགས་ནང་དཀའ་ངལ་གྱི་བྱུང་རྐྱེན་གཙོ་བོ་ནི་དབུལ་ཕྱུག་དོ་མི་མཉམ་པར་བརྟེན་ནས་ཡིན་པས། འབྱོར་ལྡན་ཅན་དང་ཚོང་པའི་སྣེ་ཁྲིད་ཚོས་ཉམས་ཐག་མི་དམངས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་ཐོག་ལ་རོགས་རམ་དང་། རང་འབྱུང་གཏེར་ཁ་རྣམས་རྫོགས་མཐའ་མེད་པ་ཞིག་མིན་དུས། རང་འབྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོག་ལ་ཐུགས་འཁུར་གནང་ཐོག་རྒྱལ་ཁབ་ཡར་རྒྱས་གཏོང་ཐབས་ལ་འབད་བརྩོན་གནང་དགོས་པ་བཀའ་སྩལ་གནང་མཛད་འདུག

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།