བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་ཕྱི་སྲིད་དྲུང་གཞོན་ཟུར་པ་ Strobe Talbott དགུང་ལོ་ ༨༠ ཐོག་དགོངས་པ་རྫོགས་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཟུར་པ་དང་། ཕྱི་འབྲེལ་སྲིད་ཇུས་ཀྱི་མཁས་པ། དེ་བཞིན་བྷུ་རུ་ཀིངསི་བསྟི་གནས་ཁང་གི་གཙོ་འཛིན་ཟུར་པ་སིཊྲོབ་ ཊལ་བྷོཊ་ (Strobe Talbott) ཡུན་རིང་སྙུན་གཞིས་རྐྱེན་གྱིས་ནིའུ་ཡོག་གི་ཤར་ཧེམྤ་ཊན་གྱི་བཞུགས་གནས་སུ་ཕྱི་ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཕུར་བུའི་ཉིན་དགུང་ལོ་ ༨༠ ཐོག་དགོངས་པ་རྫོགས་པ་ཁོང་གི་བུ་ཌེ་ཝིན་ཊལ་བྷོཊ་ (Devin Talbott) ལགས་ཀྱིས་བརྗོད་འདུག
ཊལ་བྷོཊ་ཀྱིས་ཕྱི་ལོ་ ༡༩༩༤ ནས་ ༢༠༠༡ བར་ཨ་རིའི་སྲིད་འཛིན་བྷིལ་ ཁིལིན་ཊོན་གྱི་སྲིད་གཞུང་འཛིན་པའི་སྐབས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པའི་འགན་ཁུར་གནང་ཡོད་ཅིང་། དེ་ནི་ཨ་རིའི་གཞུང་གིས་རྒྱ་ནག་དང་ཕྱི་སྲིད་ཀྱི་འབྲེལ་བ་གནང་ཕྱོགས་ཐད་གལ་ཆེའི་འགྱུར་འགྲོས་བྱུང་བའི་དུས་སྐབས་ཤིག་ཡིན་ཞིང་། དེའི་ཁྲོད་བོད་ཀྱི་གནད་དོན་ལ་ཨ་རིའི་གཞུང་གིས་དམིགས་བསལ་དོ་སྣང་ཆེན་པོ་གནང་པ་དང་། སྲིད་འཛིན་ཁིལིན་ཊོན་གྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ཕྲད་ཐེངས་འགའ་ཞུས་ཡོད་པ་མ་ཟད། རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་དང་མཇལ་མོལ་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་མོལ་ཞུ་དགོས་པའི་དགོངས་འཆར་གནང་པའི་དུས་སྐབས་ཤིག་འཁེལ་ཡོད་པ་རེད།
༧གོང་ས་མཆོག་བྷུ་རུ་ཀིངསི་བསྟི་གནས་ཁང་དུ་གདན་ཞུ།
སིཊྲོབ་ ཊལ་བྷོཊ་ (Strobe Talbott) ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པའི་ལས་འཁུར་ནས་འཁྱུར་རྗེས་ཨ་རིའི་གྲགས་ཅན་ཉམས་ཞིབ་ཁང་བྷུ་རུ་ཀིངསི་བསྟི་གནས་ཁང་དུ་ཕྱི་ལོ་ ༢༠༠༢ ཟླ་ ༧ ནས་ ༢༠༡༧ ཟླ་ ༡༠ བར་གཙོ་འཛིན་གྱི་ལས་འཁུར་ཞུས་ཡོད་ཅིང་། ཕྱི་ལོ་ ༢༠༡༦ ཟླ་ ༦ པའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་རིགས་མཁས་དབང་དང་མཉམ་དུ་མཇལ་མོལ་སླད་གདན་ཞུས་ཀྱིས་ངོ་སྤྲོད་ཞུས་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་འགན་ཁུར་བཞེས་སྐབས་ཀྱི་བོད་དོན་འཕེལ་རིམ།
ཊལ་བྷོཊ་ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པའི་འགན་ཁུར་གནང་པའི་དུས་ཡུན་དེའི་ནང་། བོད་དོན་དང་འབྲེལ་བའི་ཨ་རིའི་སྲིད་ཇུས་ཁྲོད་གལ་ཆེའི་འགྱུར་བ་ཞིག་བྱུང་པ་ནི། ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་ཕྱི་སྲིད་བློན་ཆེན་མཱ་ཌི་ལེན་ ཨལ་བྷརཡེཊ་ (Madeleine Albright) ཡིས་ གྷེརེ་གོ་རི་ ཀེརེག་ (Gregory B. Craig) ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ཐོག་མ་དེར་བསྐོ་གཞག་གནང་ཡོད། ལས་གནས་དེའི་མཚན་ཐོག་ནས་རྒྱ་ནག་གཞུང་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་༧གོང་ས་མཆོག་གི་༧སྐུ་ཚབ་དབར་དོན་དངོས་ཀྱི་གྲོས་མོལ་ཡོང་ཐབས་བྱ་རྒྱུ་དང་། བོད་ཀྱི་ཆོས་ལུགས་དང་། རིག་གཞུང་། སྐད་ཡིག་བཅས་ཀྱི་ངོ་བོ་གཅེས་ཉར་བཅས་ཀྱི་ཆེད་དུ་འགན་ཁུར་གཙོ་དམིགས་ཀྱིས་ཆེད་བཙུགས་གནང་པ་ཞིག་ཡིན་པ་རེད།
ཊལ་བྷོཊ་ནི་དེ་དུས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གོ་གནས་མཐོ་ཤོས་གཉིས་པ་སྟེ། ཕྱི་སྲིད་དྲུང་ཆེ་གཞོན་པའི་འགན་ཁུར་གནང་ཡོད། སྐབས་དེར་སྲིད་འཛིན་ཁིལིན་ཊན་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ཕྲད་ཐེངས་འགའ་ཞུས་ཏེ་འབྲེལ་བ་མུ་མཐུད་ཞུས་པ་དང་། ཨ་རིའི་གཞུང་གིས་བོད་དོན་ལ་གཞུང་གི་ངོས་འཛིན་གྱི་རྣམ་པའི་ཐོག་ནས་དོ་འཁུར་ཆེ་རུ་སོང་ཡོད་པ་རེད།
གསར་འགོད་ལས་རིགས་ནས་ཕྱི་འབྲེལ་དཔོན་རིགས་ཀྱི་ལས་འཁུར།
ཊལ་བྷོཊ་ཁོང་ཕྱི་ལོ་ ༡༩༤༦ ལོར་ཨ་རིའི་ཨོ་ཧཡེ་ཡོ་ (Ohio) མངའ་སྡེའི་ཌེ་ཊོན་ (Dayton) དུ་སྐྱེས་ཤིང་། ཡེལ་ (Yale) ཆེས་མཐོའི་གཙུག་ལག་སློབ་གཉེར་ནས་སློབ་མཐར་སོན་ཏེ་དབྱིན་ཡུལ་གྱི་ཨོཀསི་ཧྥོརཌི་ (Oxford) གཙུག་ལག་སློབ་གཉེར་ཁང་དུ་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་ཡོད་པ་རེད། ཁོང་གིས་ཐོག་མར་ཊཡེམ་ (Time) དུས་དེབ་ནང་གསར་འགོད་ལས་རིགས་ཐོག་ལོ་ངོ་ ༢༡ རིང་ཕྱག་ལས་གནང་པ་དང་། གཙོ་བོ་ཕྱི་འབྲེལ་གནད་དོན་དང་ལྷག་པར་ཨ་རི་དང་ཨུ་རུ་སུའི་གྲང་དམག་དང་འབྲེལ་བའི་ཐོག་ལ་གསར་འགོད་ལས་འཁུར་གནང་ཡོད་པ་རེད།
ཕྱི་འབྲེལ་ལས་དོན།
ཊལ་བྷོཊ་ཀྱིས་ཨ་རི་དང་ར་ཤི་ཡའི་འབྲེལ་བ་ཇེ་བཟང་དུ་གཏོང་ཐབས། ཉིང་རྡུལ་མཚོན་ཆའི་ཚད་འཛིན་དང་། རྒྱལ་སྤྱིའི་བདེ་འཇགས་ཐད་གནང་བའི་ལས་དོན་བཅས་ལ་དཔྱད་ཞིབ་གནང་ཡོད་ཅིང་། གཞུང་གི་ལས་གནས་ནས་དགོངས་ཞུས་རྗེས་བྷུ་རུ་ཀིངསི་བསྟི་གནས་ཁང་ (Brookings Institution) གི་གཙོ་འཛིན་ (President) ལས་འཁུར་བཞེས་ཡོད་པ་རེད།།
