རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་ཁ་གཏད་ཆེད་བོད་ཀྱི་གཟའ་འཁོར།

བཙན་བྱོལ་བོད་མི་གཞུང་མང་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་ཁ་གཏད་ཆེད་བོད་ཀྱི་གཟའ་འཁོར་འགོ་འཛུགས་གནང་པ།

བཙན་བྱོལ་བོད་མི་གཞུང་མང་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་ཁ་གཏད་ཆེད་བོད་ཀྱི་གཟའ་འཁོར་འགོ་འཛུགས་གནང་པ།

རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེའི་ནང་། ལོ་རེའི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་བཞིན་མི་རིགས་མཐུན་སྒྲིལ་དྲིལ་ཡར་ཐོན་དྲིལ་བསྒྲགས་ཀྱི་གཟའ་འཁོར་དུ་བརྩི་སྲུང་བྱེད་ཀྱི་ཡོད་སྟབས། བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་། ཁྲིམས་ཡིག་དེར་ཁ་གཏད་གདོང་ལེན་གྱི་ཆེད་དུ། ལོ་རེའི་ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་དུ་སྲུང་བརྩི་ཞུས་ཐོག བཞུགས་སྒར་དུ་མཚོན་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་གཞི་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་དང་། ན་ཆུང་བྱིས་པར་བོད་ཀྱི་སྐད་ཡིག་ཡར་རྒྱས་ཀྱི་ལས་འགུལ་སོགས་སྤེལ་གནང་རྒྱུ་འགོ་འཛུགས་གནང་སོང་།

དེ་ཡང་བོད་ཀྱི་འགྲེམས་སྟོན་ཁང་གིས་རྡ་སའི་གློག་བརྙན་ཁང་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་གློག་བརྙན། (Man of Peace) ཞེས་པ་ཞིག་གཟིགས་འབུལ་གྱིས། སྐབས་དེར་ཉེ་འཁོར་གྱི་རྒྱ་གར་སློབ་ཕྲུག་དང་ཤེས་ཡོན་ཅན་མང་དག་ཅིག་གིས་མཉམ་ཞུགས་བྱས་ཐོག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་གཞིར་ཡིད་སྨོན་སྐྱེས་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་སློབ་མ་ཚོར་སེམས་འགུལ།

མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ཁམ་ལིན་པྲ་ཏབ་སིངྒ་ལགས་ཀྱིས། གློག་བརྙན་དེ་བལྟས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། མ་འོངས་བོད་དེ་བཞིན་བཙན་རྒོལ་ལས་ཐར་ཏེ་བདེན་པའི་རྒྱལ་ཁ་ཐོབ་པའི་ངས་རེ་བ་བྱེད་ཀྱི་ཡོད་ལ། ལྷག་པར་དུ་༧གོང་ས་མཆོག་གིས་དུས་རྒྱུན་མི་ངན་པར་ངན་པའི་ལྟ་ཕྱོགས་མི་འཛིན་པར། རང་ཉིད་ཀྱི་རྒྱུད་ལ་ཡོད་པའི་བཟང་སྤྱོད་དང་ལྡན་པའི་ཐོག་ནས་ལྟ་སྐྱོང་བྱ་དགོས་ཞེས་གསུང་གི་ཡོད་པ་བཞིན། ༧གོང་ས་མཆོག་གི་བྱམས་སྙིང་རྗེ་དང་བཟང་སྤྱོད་ཀྱི་དགོངས་ཚུལ་གྱིས་ཉིན་གཅིག་གྲུབ་འབྲས་སྨིན་པ་ཞིག་ཡོང་ངེས་རེད་བསམ་གྱི་འདུག་ཅེས་གསུངས་བྱུང་ལ། གཏོང་ལེན་སློབ་གྲྭའི་སློབ་མ་ཀོ་མལ་ལགས་ཀྱིས། འགུལ་བརྙན་གྱི་གློག་བརྙན་དེ་ཧ་ཅང་ཡག་པོ་འདུག་ལ། དངོས་འབྱུང་གི་སྒྲུང་དེས་ང་ཚོར་ཡང་གློག་བརྙན་དེས་དངོས་འབྱུང་གི་ཚོར་བ་བསྟེར་བྱུང་། ང་ནི་དུས་རྒྱུན་དུ་༧གོང་ས་མཆོག་གི་བཀའ་དགོངས་ལྟར་དུ་རྗེས་སུ་འཇུག་མཁན་ཞིག་ཡིན་པས། ང་ཚོས་༧གོང་ས་མཆོག་གི་བསླབ་བྱ་རྣམས་སེམས་གཏིང་ལ་འཇོག་ཐོག་མུ་མཐུད་བཀའ་དགོངས་སྒྲུབ་ཐབས་ལ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུང་གི་འདུག

དེ་འབྲེལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། འགུལ་བརྙན་དང་པོ་ཧིན་དྷིའི་སྐད་ནང་བསྟན་སྐབས་རྡ་སའི་ཉེ་འཁོར་དུ་ཡོད་པའི་སློབ་ཕྲུག་དང་ཤེས་ལྡན་མི་སྣ་མང་པོས་མཉམ་ཞུགས་གནང་སྟེ་དགའ་པོ་ཞེ་དྲགས་གནང་ཡོད་ཅིང་། ལྷག་པར་ལས་འགུལ་དེས་རྒྱ་གར་བའི་སེམས་ལ་༧གོང་ས་མཆོག་ནི་ཆོས་ཕྱོགས་ཙམ་མིན་པར་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་དང་འབྲེལ་བ་སོགས་ངོ་སྤྲོད་ཞུ་ཐུབ་པ་དེས། བོད་ཀྱི་རིག་གཞུང་གི་ངོ་བོ་གཏིང་ཟབ་ཏུ་བཏང་ཐུབ་ཡོད་པའི་ཚོར་བ་བྱུང་ཞེས་གསུང་གི་འདུག

རྩ་བའི་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་དེ་བཞིན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག ལོ་རེའི་ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་དུ་སྲུང་བརྩི་ཞུ་རྒྱུའི་ཐག་གཅོད་གནང་བ་བཞིན། འདི་ཚེས་ ༢༣ ནས་བཟུང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་ཐོག་མ་དེ་སྲུང་བརྩི་འགོ་འཛུགས་གནང་ཡོད་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། བོད་པའི་གཞོན་སྐྱེས་ཚོས་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་བདུན་ཕྲག་གཅིག་དེ་ཙམ་མ་ཡིན་པར། རང་ཉིད་གཞིས་ལུས་སྤུན་ཟླ་ས་ཡ་བདུན་ལྷག་གི་མགྲིན་ཚབ་པ་ཡིན་པའི་འགན་འཁུར་མ་བརྗེད་པའི་ཐོག དོན་ཆེན་འཁུར་དུ་ཁྱེར་ཐུབ་མཁན་གྱི་བོད་མི་ཞིག་ཆགས་རྒྱུའི་སྙིང་སྟོབས་སྐྱེད་དགོས་པ་གསུངས་སོང་།།

པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།