རྒྱ་ནག་གི་གནོན་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་བོད་མིའི་འགོ་ཁྲིད་ཚོས་གདོང་ལེན།

རྒྱ་གཞུང་གིས་བོད་མིའི་རེ་འདོད་ལ་ཡ་ལན་བྱེད་པའི་རྣམ་འགྱུར་དེ་ཙམ་གསལ་པོར་སྟོན་གྱི་མེད་སྟབས། བོད་མིའི་ལས་འགུལ་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་བ་བྱ་རྒྱུ་འདི་ད་ལྟའི་དུས་སྐབས་འདིར་ཧ་ཅང་གི་གལ་གནད་ཆེ་བའི་གནད་དོན་གཅིག་ཆགས་ཡོད་ཅེས་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀྱིས་ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༩ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པའི་སྐབས་འདིར་དམར་ཤོག་རིང་ལུགས་ཀྱི་གདུག་རྩུབ་ཕོག་མིའི་དྲན་རྟེན་ཐེབས་རྩ་ཁང་ (Victims of Communism Memorial Foundation) གིས་གོ་སྒྲིག་གནང་བའི་རྒྱ་ནག་གི་གླེང་སྟེགས་ཐོག་ཉམས་ཞིབ་པ་དང་སྲིད་བྱུས་གཏན་འབེབས་གནང་མཁན་གྱི་འགོ་ཁྲིད། བོད་དོན་རྒྱབ་སྐྱོར་བ་བཅས་དང་མཇལ་འཕྲད་གནང་སྟེ་མ་འོངས་བོད་ཀྱི་མདུན་ལམ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན། རྒྱ་ནག་གི་ཤུགས་རྐྱེན། གནས་ཚུལ་ལོག་འགྲེལ་ལ་གདོང་ལེན་བྱེད་ཕྱོགས་ཀྱི་གལ་གནད་བཅས་མ་འོངས་བོད་ཀྱི་གནས་སྟངས་སྐོར་གླེང་མོལ་གསུང་བཤད་གནང་སོང་།

རྒྱ་ནག་གི་བྱ་སྤྱོད་ལ་གཞིགས་ན་རྒྱ་གཞུང་གིས་བོད་མིའི་རེ་འདོད་ལ་ཡ་ལན་བྱེད་པའི་རྣམ་འགྱུར་དེ་ཙམ་གསལ་པོར་སྟོན་གྱི་མེད་སྟབས། བོད་མིའི་ལས་འགུལ་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཐོབ་བ་བྱ་རྒྱུ་འདི་ད་ལྟའི་དུས་སྐབས་འདིར་ཧ་ཅང་གི་གལ་གནད་ཆེ་བའི་གནད་དོན་གཅིག་ཆགས་ཡོད་ཅེས་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སར་ཕྱོགས་ཕེབས་ཀྱིས་བགྲོ་གླེང་གི་ལས་རིམ་དེར་དབུ་ཞུགས་གནང་པ་དང་འབྲེལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་དྭང་ལེན་གནང་སྐབས་གསུངས་བྱུང་།

ད་དུང་སྲིད་སྐྱོང་མཆོག་གིས་ཨ་རིའི་ངོས་ནས་ཆབ་སྲིད་ཀྱི་ཐོག་ནས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། ཡིན་ནའང་ཡུ་རོབ་ནང་བོད་དོན་ལ་རྒྱབ་སྐྱོར་བྱེད་སྟངས་ཀྱི་ཆ་ནས་སྤྱིར་བཏང་ཆབ་སྲིད་ཀྱི་རྒྱབ་སྐྱོར་ལས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་གཙོ་འདོན་བྱས་ཡོད། དེར་བརྟེན་ང་ཚོས་རྒྱལ་ཁབ་གཞན་ཁག་གིས་ཀྱང་བོད་དོན་ཐོག་ལ་ཆབ་སྲིད་ཀྱི་རྒྱབ་སྐྱོར་དེ་འདྲ་ཐོབ་རྒྱུར་འབད་བརྩོན་བྱེད་དགོས་རྒྱུའི་ཐད་ཕྱག་ལས་གནང་དགོས་ཀྱི་རེད་ཅེས་གསུངས་བྱུང་།

བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་གནང་མཁན་ལྕམ་པའོ་ལ་ཌོསྦ་རེཡེནསྀ་ཀཱི་། ༢༠༢༦།༡༡།༠༩
བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་གནང་མཁན་ལྕམ་པའོ་ལ་ཌོསྦ་རེཡེནསྀ་ཀཱི་། ༢༠༢༦།༡༡།༠༩ བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་གནང་མཁན་ལྕམ་པའོ་ལ་ཌོསྦ་རེཡེནསྀ་ཀཱི་། ༢༠༢༦།༡༡།༠༩ (RFA Tibetan)

བོད་ཀྱི་མདུན་ཐད་རེ་བ་དང་བློ་སྐྱེད་སྐྲུན་པ།

ཨ་རིའི་སྲིད་འཛིན་བྷུཤ་གི་ལས་ཡུན་རིང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་གནང་མཁན་ལྕམ་པའོ་ལ་ཌོསྦ་རེཡེནསྀ་ཀཱི་ (Paula Dobriansky) ལགས་ཀྱིས་ཁོང་ལ་མ་འོངས་བོད་ཀྱི་མདུན་ལམ་ཐད་རེ་བ་དང་བློ་སྐྱེད་སྐྲུན་ཡག་དེ་ནི་བློ་རྒྱ་ཡངས་པོའི་སྙིང་སྟོབས་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ལྕམ་པའོ་ལ་ཌོསྦ་རེཡེནསྀ་ཀཱི་ལགས་ཀྱིས་སྲིད་སྐྱོང་མཆོག་དང་ལྷན་བགྲོ་གླེང་ཐོག་ཕེབས་ཞུགས་གནང་འདུག

ད་དུང་ཁོང་གིས་ “བོད་མི་ཚོ་ནི་ཆིག་སྒྲིལ་དང་། གནད་ལ་འཁེལ་བའི་ལས་དོན། རང་གི་རིག་གཞུང་དང་སྐད་ཡིག། གོམས་སྲོལ། ཆོས་དད་རང་དབང་སྲུང་སྐྱོབ་བཅས་ལ་ཆོད་སེམས་བརྟན་པོ་ཡོད་མཁན་ཞིག་རེད་འདུག དཀའ་སྡུག་ཆེན་པོ་ཇི་ཙམ་ཡོད་ཀྱང་། བོད་མི་ཚོས་མུ་མཐུད་ལས་འགུལ་རྒྱུན་སྐྱོང་དང་རང་གི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་འདུན་པ་བརྟན་པོར་བཅངས་འདུག དེ་རིང་གི་འདུ་འཛོམས་ཀྱི་རང་བཞིན་དང་། འདིར་སྲིད་སྐྱོང་ལྷན་དུ་བཀའ་མོལ་ཞུ་རྒྱུ་འདི་བོད་མིའི་འཐབ་རྩོད་ལས་འགུལ་གྱི་བསམ་འདུན་དང་ནུས་པ་ཇི་ཙམ་བརྟན་པོ་ཡོད་པ་གསལ་པོར་མཚོན་པར་བྱེད་ཡོད་”ཅེས་གསུངས་བྱུང་།

རྒྱ་ནག་གི་གནོན་ཤུགས་ཆེ་རུ་འགྲོ་བཞིན་པའི་དུས་སུ་བོད་མིའི་འགོ་ཁྲིད་ཚོས་གདོང་ལེན་གྱི་འཆར་འགོད། རྒྱ་ནག་གི་གནོན་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་བོད་མིའི་འགོ་ཁྲིད་ཚོས་མ་འོངས་གདོང་ལེན་གྱི་འཆར་འགོད་བྱེད་བཞིན་ཡོད་པ་གསུངས་བྱུང་།

རྩ་བའི་རེས་གཟའ་ཟླ་བའི་ཉིན་གི་བགྲོ་གླེང་ལྷན་ཚོགས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ལྕམ་པའོ་ལ་ཌོསྦ་རེཡེནསྀ་ཀཱི་ལགས་བར་དམིགས་བསལ་གླེང་མོལ་གསུང་བཤད་ཀྱི་ལས་རིམ་ཞིག་འཚོགས་གནང་སོང་ལ། སྐབས་དེར་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་དེ་འབྱུང་འགྱུར་བོད་ཀྱི་གནས་བབ་དང་འབྲེལ་བ་ཆེན་པོ་ཡོད་དུས། དེ་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་པ་མ་ཚད། བོད་ཀྱི་འདས་པའི་བྱུང་རབས་ལོ་རྒྱུས་ལའང་འཁྱོག་བཤད་བྱེད་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་འཁྱོག་བཤད་དེ་དག་ལ་གདོང་ལེན་གྱི་ཆེད་དྲིལ་བསྒྲགས་ཀྱི་དེབ་སོགས་བགོ་འགྲེམས་གང་ཐུབ་བྱེད་ཀྱི་ཡོད་པ་གསུངས་སོང་།

སྲིད་སྐྱོང་མཆོག་དང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་རྣམ་གཉིས་མཇལ་མོལ་སྐབས། ༠༤།༢༨།༢༠༢༢
སྲིད་སྐྱོང་མཆོག་དང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་རྣམ་གཉིས་མཇལ་མོལ་སྐབས། ༠༤།༢༨།༢༠༢༢ (tibet.net)

སྲིད་སྐྱོང་མཆོག་ཨ་རིར་འཚམས་འདྲིར་དང་ཝ་ཤིང་ཊོན་ཌི་སི་ནང་ཚོགས་འདུ་ཁག

དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨ་རིའི་གྲོས་ཚོཊ་འོག་མའི་ཚོཊ་གཙོ་ཟུར་པ་དང་གྲོས་ཚོགས་འཐུས་མི་ལས་ཐོག་ལྕམ་ནེན་སི་པེ་ལོ་སི་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་ཡང་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་ཕྱི་ལོ་ ༢༠༢༦ ལོར་འོས་བསྡུའི་ནང་བསྐྱར་དུ་བཞེངས་རྒྱུ་མིན་པའི་གསལ་བསྒྲགས་གནང་རྗེས་གྲོས་ཚོགས་ནང་མཐའ་མའི་ལས་ཡུན་དེ་ཆགས་ཀྱི་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་པེ་ལོ་སི་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་འགན་འཁུར་མཁན་བུད་མེད་ཐོག་མ་དེ་ཡིན་པ་དང་། དང་ཐོག་ ༡༩༨༧ ལོར་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འཐུས་མིར་འདེམས་ཐོན་བྱུང་ནས་ད་ཆར་ལོ་ངོ་ ༣༩ སོང་ཡོད་པ་རེད།

དེ་བཞིན་སྲིད་སྐྱོང་མཆོག་གིས་ཨ་རིའི་ཕྱོགས་ཕེབས་འདིའི་རིང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཁིརིས་ཝན་ཧོ་ལེན་གྱི་རུ་ཁག་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་གནས་སྟངས་སྐོར་བཀའ་བསྡུར་གནང་ཡོད་པ་རེད།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་འཚམས་གཟིགས་སྐབས་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་དེའི་ཁྱབ་ཁོངས་ཀྱི་མང་ཚོགས་བཅས་པར་གཟིགས་རྟོག་གནང་སླད་མ་དངུལ་ལ་སོགས་དང་བོད་དོན་དང་འབྲེལ་བའི་གནད་དོན་གཞན་ཁག་གི་ཐད་གྲོས་བསྡུར་གནང་འཆར་ཡོད་པ་མ་ཟད་། ཡང་ཕྱི་རྒྱལ་ཚོགས་པ་དང་སྒྲིག་འཛུགས་ཁག་གི་གདན་ཞུ་གནང་བའི་མཛད་རིམ་ཁག་གི་སར་བོད་དོན་གོ་རྟོགས་སྤེལ་གནང་རྒྱུ་ཡིན་པ་མ་ཟད། ཕྱོགས་མཚུངས་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཐོབ་རྒྱུ་དེ་སྲིད་སྐྱོང་མཆོག་གི་འཚམས་གཟིགས་ཀྱི་དམིགས་ཡུལ་གལ་ཆེན་ཡིན་ཡང་བྱང་ཨ་རིའི་བོད་རིགས་མང་ཚོགས་དང་མཇལ་འཕྲད་གནང་རྒྱུ་དེ་ཡང་གལ་ཆེན་པོ་ཡིན་ཞེས་ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

སྲིད་སྐྱོང་མཆོག་གིས་ཕྱོགས་ཕེབས་འདིའི་སྐབས། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིའི་རྗེས་སུ་མི་ནི་སོ་ཊ་དང་། ཁེ་ལི་ཕོར་ནི་ཡ། པོརཊ་ལེནཌ། ཝེན་ཁུ་ཝར། ཀེལ་གྷ་རི། ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝ། ཊོ་རོན་ཊོ་བཅས་སུ་ཕེབས་ཀྱི་ཡོད་ཅིང་། ཁོང་གིས། རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་རྒྱུའི་ཐོག་ཤུགས་སྐྱོན་བཞིན་པ་ལྟར་བོད་པའི་སྤྱི་ཚོགས་དང་ཐུགས་ནས་མཐུན་སྒྲིལ་འཕེལ་རྒྱས་གཏོང་རྒྱུ་ཡང་གལ་ཆེན་པོར་ངོས་འཛིན་གནང་གི་འདུག

རྒྱ་ནག་གི་གནོན་ཤུགས་འོག་ནེ་དྷར་ལེནཌི་ཡི་གྲོས་ཚོགས་འཐུས་མི་ཚོས་སྲིད་སྐྱོང་དང་མཇལ་འཕྲད་གནང་བ།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་གི་གཞུང་འབྲེལ་མཚམས་གཟིགས་མ་གནང་གོང་ཡུ་རོབ་ཀྱི་ནེ་དྷར་ལེནཌི་གྱི་གྲོང་ཁྱེར་ཧེག་ནང་སྐོང་འཚོགས་གནང་བའི་ IPAC འམ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་མཉམ་ཞུགས་གནང་ཡོད་པ་དང་། འཚམས་གཟིགས་འདིའི་སྐབས། ཧེག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ནེ་དྷར་ལེནཌི་གྱི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་གཞུང་འབྲེལ་ཐོག་ནས་ཕྱི་ཟླ་ ༡༡ ཚེས་ ༤ འཁོད་པའི་ཡི་གེ་ཞིག་བཏང་པ་བརྒྱུད་གྲོས་ཚོགས་འཐུས་མི་རྣམས་ཀྱིས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་རྒྱུ་མེད་པའི་སྡིགས་ར་བསྐུལ་ཡོད་པ་ལྟར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ནི་དར་ལེནྜ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་འབྲེལ་བ་བྱས་ཏེ་རྒྱ་ནག་གཞུང་གིས་སྡིགས་ར་བསྐུལ་བའི་ཡིག་འབྲེལ་དེ་བདེན་པ་ཡིན་མིན་དང་དེའི་ཐད་གདོང་ལེན་ཇི་ལྟར་གནང་གི་ཡོད་མེད་ཐད་བཀའ་འདྲི་ཞུས་ཀྱང་། ཚོགས་ཆུང་དེའི་ངོས་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་བྱུང་བ་དང་། གྲོས་ཚོགས་ཀྱི་དྲ་རྒྱའི་ཐོག་སྲིད་སྐྱོང་གི་མཛད་རིམ་དང་འབྲེལ་བའི་བརྙན་རིས་ཁག་མཁོ་སྤྲོད་གནང་པ་ལས། འདི་གའི་དྲི་བ་ཁག་ལ་དམིགས་བཀར་ལན་འདེབས་རིགས་གནང་མ་བྱུང་།།

པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།