“ནང་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་གཏིང་ཟབ་ཡོང་རྒྱུའི་བློ་སྟོབས་སྤེལ་བའི་རེ་བ་ཡོད།"

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རུ་ནཱ་ཅལ་ནང་སྟོན་པའི་རིང་བསྲེལ་གདན་ཞུ་གནང་པར་ལེགས་བསུ་གནང་པ་དང་འབྲེལ། ནང་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་གཏིང་ཟབ་ཡོང་རྒྱུའི་བློ་སྟོབས་སྤེལ་བའི་ཐུགས་རེ་མཛད་བཞིན་ཡོད་པ་བཀའ་གནང་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རུ་ནཱ་ཅལ་ནང་སྟོན་པའི་རིང་བསྲེལ་གདན་ཞུ་གནང་པར་ལེགས་བསུ་གནང་པ་དང་འབྲེལ། ནང་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་གཏིང་ཟབ་ཡོང་རྒྱུའི་བློ་སྟོབས་སྤེལ་བའི་ཐུགས་རེ་མཛད་བཞིན་ཡོད་པ་བཀའ་གནང་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རུ་ནཱ་ཅལ་ནང་གི་དད་ལྡན་མང་ཚོགས་ལ་སྟོན་པ་ཤཱཀྱ་ཐུབ་པའི་རྩ་ཆེའི་བྱིན་རླབས་ཅན་གྱི་རིང་བསྲེལ་རིན་པོ་ཆེ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བར་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་དང་ཨ་རུ་ནཱ་ཅལ་མངའ་སྡེ་གཞུང་ལ་བསྔགས་བརྗོད་ཀྱི་བཀའ་ཡིག་ཞིག་བསྩལ་འདུག་པའི་ནང་། སྟོན་པའི་རིང་བསྲེལ་མཇལ་ནས་བྱིན་རླབས་ཐོབ་པ་ཙམ་དུ་མ་ཟད། དད་ལྡན་མང་ཚོགས་ཀྱི་ནང་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་གནང་སྟེ་གོ་རྟོགས་གཏིང་ཟབ་ཡོང་རྒྱུའི་བློ་སྤོབས་སྐྲུན་པའི་ཐུགས་རེ་གནང་བཞིན་ཡོད་པ་བཀའ་སློབ་གནང་འདུག

ཨ་རུ་ནཱ་ཅལ་གྱི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་རིང་བསྲེལ་མཇལ་ཁ་ཞུ་བཞིན་པ། ༢༠༢༦།༡༡།༡
སྟོན་པའི་རིང་བསྲེལ་གྱི་མཇལ་ཁ། ཨ་རུ་ནཱ་ཅལ་གྱི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་རིང་བསྲེལ་མཇལ་ཁ་ཞུ་བཞིན་པ། ༢༠༢༦།༡༡།༡ (Pema Khandu via FB)

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཡིག་ཕེབས་པར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་བཀའ་དྲིན་ཆེ་ཞེས་དང་། ང་ཚོ་ནང་པ་སངས་རྒྱས་པའི་རྩ་ཆེའི་གཅེས་ནོར་མི་ཉམས་རྒྱུན་འཛིན་དང་། ཞི་བདེ་དང་བྱམས་སྙིང་རྗེའི་རིན་ཐང་གོང་སྤེལ་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་ཁོང་གི་ངོ་དེབ་ཐོག་བཀོད་འདུག

སྟོན་པ་ཤཱཀྱ་ཐུབ་པའི་རྩ་ཆེའི་བྱིན་རླབས་ཅན་གྱི་རིང་བསྲེལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་རྒྱ་གར་མཁའ་དམག་གནམ་གྲུའི་ནང་གདན་ཞུས་ཀྱིས་ཕྱི་ཟླ་ ༡༡ ཚེས་ ༡ ནས་ ༢༡ བར་མོན་ཡུལ་ནང་རྟེན་གཞི་བྱས་པའི་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དང་། སྦོམ་ལྡི་ལ། ནམ་སཱཡེ་ཞེས་པའི་ས་གནས་ཁག་གསུམ་ནང་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བཞིན་འདུག

འདི་དང་འབྲེལ་ནས་རྟ་དབང་དགོན་པའི་སློབ་གྲྭའི་དྲུང་ཆེ་ཟུར་པ་ཐུབ་བསྟན་ཚེ་རིང་ལགས་ཀྱིས་གསུངས་ན། ཉིན་རེར་མི་ཁྲི་གཅིག་ལ་མཇལ་ཁ་གཏོང་རྒྱུའི་ཚད་གཞི་འཆར་སྒྲིག་གནང་ཡོད་པ་དང་། མི་མང་ཚོར་དགའ་ཚོར་ཆེན་པོ་དང་བྱིན་རླབས་ཆེན་པོ་ཐོབ་ཅིང་། གུས་བཀུར་དང་ལྡན་པའི་སྒོ་ནས་དད་དམ་གཡོ་བ་མེད་པའི་སྒོ་ནས་ཞོགས་པ་ཆུ་ཚོད་ ༦ པ་ནས་མཇལ་ཁ་གཏོང་འགོ་བཙུགས་ཀྱི་ཡོད་སྟབས། ཆུ་ཚོད་ ༤ ནས་བང་སྒྲིག་ནས་བཅར་གྱི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཨ་རུ་ནཱ་ཅལ་དུ་སངས་རྒྱས་ཀྱི་རིང་བསྲེལ་མཇལ་ཁ་གཏོང་བཞིན་པ། ༧གོང་ས་མཆོག་གིས་གསུང་འཕྲིན་ནང་ནང་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་གཏིང་ཟབ་ཡོང་རྒྱུའི་བློ་སྟོབས་སྤེལ་བའི་ཐུགས་རེ་མཛད་བཞིན་ཡོད་པ་བཀའ་གནང་འདུག

རྟ་དབང་དགོན་པའི་སློབ་དཔོན་ཟུར་པ་བླ་མ་ངག་དབང་ནོར་བུ་ལགས་ཀྱིས་གསུངས་དོན་དུ། ད་རེས་རིང་བསྲེལ་མཇལ་བར་རྒན་རྒོན་མང་པོ་ཞིག་དང་ནད་གཅོང་དེ་འདྲ་ཡོད་པ་ཚོར་གོ་སྐབས་བྱིན་ཅན་བྱུང་ཡོད་པ་གསུངས་བྱུང་།

མོན་རྟ་དབང་དགོན་གྱི་མཁན་པོ་ཕ་ར་སྤྲུལ་སྐུ་གྲྭ་སྨད་རིན་པོ་ཆེ་མཆོག་གིས། རིང་བསྲེལ་རྩ་ཆེན་འདིའི་དྲུང་དུ་སོ་སོས་ཚོགས་བསག་གྲིབ་སྦྱོང་བྱེད་ཐུབ་པ་ཡིན་ན། ཐར་པ་འཆར་འདོད་ཀྱི་དགེ་བ་གསོག་རྒྱུ་དང་། ཧ་ཅང་གི་གལ་ཆེན་པོ་དང་རྩ་ཆེན་པོ་དེ་འདྲ་རྩིས་ཀྱི་ཡོད་པས། དེ་དག་མདོ་དང་ལུང་བརྒྱུད་ནང་ཡོད་པ་ཞིག་ཆགས་ཡོད་ཅེས་གསུངས་བྱུང་།

མོན་ཡུལ་དུ་ཕྱི་ལོ་ ༢༠༡༣ ལོར་སྟོན་པ་ཤཱཀྱ་ཐུབ་པའི་རྩ་ཆེའི་བྱིན་རླབས་ཅན་གྱི་རིང་བསྲེལ་ཐོག་མར་གདན་ཞུ་གནང་ཡོད་པ་དང་། འདི་ལོ་སླར་ཡང་མོན་ཡུལ་ནང་ལོ་ངོ་བཅུ་གསུམ་རྗེས་སྟོན་པའི་རིང་བསྲེལ་ཐེངས་གཉིས་པ་གདན་ཞུ་གནང་པ་ཞིག་རེད་འདུག

བརྙན་པར་སྒྲིག་སྦྱོར་བ། པ་སངས་ཚེ་རིང་།