རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གྲ་ཤག་མུ་མཐུད་གཏོར་བཞིན་པ་དང་དེ་ཡང་རྒྱ་གཞུང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་དབྱེ་བའི་གསེར་རྟ་རྫོང་ཁོངས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཕྱི་ཟླ་ ༧ ཚེས་ ༡༣ ཙམ་ནས་གྲ་ཤག་གཏོར་འགོ་བཙུགས་ཏེ་འདི་ལོ་གྲ་ཤག་ ༡༠༦༠ ལྷག་གཏོར་རྒྱུ་ཡིན་པ་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་ཡོད་ལ། ད་ཆ་དུས་ཡུན་ཟླ་བ་གཅིག་ཙམ་སོང་བའི་མཚམས་འདིར་གྲ་ཤག་གཏོར་བཤིག་མུ་མཐུད་བྱེད་བཞིན་ཡོད་པ་དང་། ཕྱི་ཟླ་ ༨ ཚེས་ ༡༡ ཉིན་གྲ་ཤག་གཏོར་བའི་པར་རིས་དང་བརྙན་བཅས་འབྱོར་པ་བརྒྱུད་གྲ་ཤག་གཏོར་བའི་བདེན་རྟགས་ལག་སོན་བྱུང་ཡོད་ཅིང་། གྲ་ཤག་གཅིག་གི་སྒེའུ་ཁུང་ནས་དགེ་འདུན་པ་ཞིག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་སྐུ་པར་ཆེན་པོ་ཞིག་འཕྱར་ཏེ། རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པར། ད་ཆ་དགེ་འདུན་པ་དེ་རྒྱ་གཞུང་གིས་འཛིན་བཟུང་བྱས་མིན་ཤེས་རྟོགས་ཐུབ་མེད་ན་ཡང་། འབྲེལ་ཡོད་ཁག་ཅིག་གིས་དགེ་འདུན་པ་དེ་གར་སོང་ཆ་མེད་དུ་གྱུར་སྐོར་བརྗོད་བྱུང་། ད་ཆ་ས་གནས་ནས་ཕྱི་ལ་འབྲེལ་བ་བྱེད་རྒྱུར་དམ་དྲག་ཧ་ཅང་ཆེན་པོ་ཡོད་པས། དགེ་འདུན་པ་དེའི་མིང་སོགས་ཞིབ་ཕྲ་ཤེས་རྟོཊ་མ་བྱུང་ཡང་མུ་མཐུད་རྩད་གཅོད་ཞུ་བཞིན་ཡོད།
འཆར་གཞི་ལྟར་ན་ཟླ་ ༨ ཚེས་ ༢༠ ལ་འདི་ལོའི་གྲ་ཤག་བཤིག་རྒྱུའི་ལས་གཞི་འདི་མཇུག་སྒྲིག་གྱི་ཡོད་པས། དུས་ཡུན་འདིའི་རིང་ཡུལ་སྐོར་བ་གཏོང་རྒྱུའི་དུས་ཚོད་ལ་ཡང་ཚད་བཀག་བཟོས་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་ཕྱིའི་སྣང་ཚུལ་གྱི་ཐོག་ནས་ཆོས་དད་རང་དབང་ཡོད་མདོག་གི་རྣམ་པ་སྐྲུན་གྱི་ཡོད་ཀྱང་། གྲ་ཤག་གཏོར་བཤིག་ནི་ཆོས་དད་རང་དབང་ལ་དོ་ཕོག་བཏང་པ་ཡིན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར། གསེར་རྟ་བླ་རུང་སྒར་དུ་རྒྱ་ནག་གཞུང་གིས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་ནས་བཟུང་། དགོན་པའི་ནང་གི་གྲ་བཙུན་གྱི་གྲངས་ཚད་ལ་ཚོད་འཛིན་གྱིས་གྲ་བཙུན་དགོན་པ་ནས་ཕྱིར་ཕུད་བཏང་བ་དང་དེ་ནས་གྲ་ཤག་བཤིག་རྒྱུ་འགོ་བཙུགས་ཏེ། ལོ་རེ་བཞིན་གྲ་ཤག་ཉུང་དུ་འགྲོ་བཞིན་ཡོད་པ་དང་། འདི་ལོ་མཚོན་ན། ཟླ་ ༧ ཚེས་ ༡༣ ནས་གྲ་ཤག་ཁག་ཅིག་བཤིག་རྒྱུ་འགོ་བཙུགས་ཡོད་པ་དང་། བླ་རུང་སྒར་དུ་སྐྱོད་མཁན་རྒྱ་མི་ཡུལ་སྐོར་བས་ལོ་རེ་བཞིན་གྲ་ཤག་ཉུང་དུ་འགྲོ་བཞིན་ཡོད་པའི་རྒྱུ་མཚན་གང་ཡིན་ཞེས་དྲ་ལམ་ཐོག་བླ་རུང་སྒར་གྱི་བརྙན་པར་འོག་ཏུ་དྲི་བ་བཏོན་མཁན་ཡང་བྱུང་འདུག འཆར་གཞི་ལྟར་ན། གྲ་ཤག་སྟོང་བརྒལ་བ་གཏོར་ནས་མེད་པ་བཟོ་རྒྱུ་དང་། དེ་ཡང་ཟླ་ ༨ ཚེས་ ༢༠ ལ་མཇུག་སྒྲིལ་རྒྱུ་ཡིན་པ་བོད་ནས་བརྗོད་བྱུང་། སྔ་ལོ་བླ་རུང་སྒར་ནས་གྲ་བཙུན་ཁག་ཅིག་ཕྱིར་ཕུད་བྱས་པའི་རྗེས། གྲ་ཤག་ཁག་ཅིག་སྟོང་པར་ལུས་ཡོད་པ་དང་། འདི་ལོ་གྲ་ཤག་ཁག་ཅིག་མངོན་གསལ་མེད་པའི་ངང་བཤིག་བཞིན་ཡོད་པ་མ་ཟད། དུས་སང་ལོར་ཡང་མུ་མཐུད་གྲ་ཤག་ཁག་ཅིག་བཤིག་རྒྱུའི་འཆར་གཞི་ཡོད་པ་རེད་འདུག
ཡུལ་སྐོར་བར་དམ་དྲག
དེ་དང་དུས་མཚུངས། དབྱར་དུས་རྒྱ་ནག་གི་ས་ཕྱོགས་ཁག་ནས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དུ་ཡུལ་སྐོར་བ་མང་པོ་ཡོང་བའི་སྐབས་འདིར། ས་གནས་དབང་འཛིན་པས་ཡུལ་སྐོར་བའི་གྲངས་ཚད་དང་འགྲོ་འོང་ལ་དོ་དམ་དང་ཚད་བཀག་སྔར་ལས་དམ་དུ་བཏང་ཤིང་། གསེར་རྟ་རྫོང་གི་ཡུལ་སྐོར་ཚན་པས་ཟླ་ ༧ ཚེས་ ༡༡ ཉིན་བཏང་བའི་གསལ་བསྒྲགས་ནང་། ཟླ་ ༧ ཚེས་ ༡༣ ཉིན་ནས་བླ་རུང་སྒར་དུ་འགྲོ་སའི་ལམ་བཟོ་བཅོས་བྱེད་རྒྱུ་ཡིན་ཞེས་བརྗོད་དེ། བླ་རུང་སྒར་དུ་སྐྱོད་མཁན་སྤྱི་སྤྱོད་མོ་ཊའི་དུས་ཚོད་གནས་སྐབས་ཤིག་གི་རིང་བསྒྱུར་བ་བཏང་ཡོད་པ་བརྗོད་འདུག
གསེར་རྟ་རྫོང་སྤྱི་བདེ་ཚན་པས་ཀྱང་ཡུལ་སྐོར་བ་ཚོས་གཞུང་ཕྱོགས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་བླ་རུང་སྒར་དུ་སྐྱོད་དགོས་པ་ལས། སྒེར་ངོས་ནས་ལམ་གཞན་བརྒྱུད་དེ་འཛུལ་མི་ཆོག་པ་དང་། ས་གནས་ཀྱི་འབྲེལ་བ་མེད་པའི་མི་སྣའི་སྐད་ཆར་ཡིད་ཆེས་མི་བྱེད་པ། ཚད་བཀག་ས་ཁུལ་ལ་གཡོལ་ནས་རི་བརྒལ་ཏེ་སྒེར་གྱིས་འཛུལ་མི་ཆོག་པ་སོགས་ཀྱི་དྲན་སྐུལ་བཏང་འདུག

འཁོར་སྐར་པར་རིས་ནས་མངོན་པའི་གནས་ཚུལ།
ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འཁོར་སྐར་ (Satellite) པར་རིས་ལ་དཔྱད་ཞིབ་བྱས་པའི་གནས་ཚུལ་ལྟར་ན། བླ་རུང་སྒར་ནང་གྲ་ཤག་བཤིག་པའི་ས་ཁུལ་རྒྱ་ཆེ་རུ་འགྲོ་བཞིན་པ་མངོན་རྒྱུ་ཡོད་པ་དང་། ༢༠༢༦ ལོའི་ཟླ་ ༧ ཚེས་ ༢༤ ཉིན་གྱི་འཁོར་སྐར་པར་རིས་དང་ལོ་བདུན་གྱི་གོང་གི་པར་རིས་གཉིས་བསྡུར་ན། གྲ་ཤག་བཤིག་པའི་ཤུལ་གསལ་པོ་མཐོང་ཐུབ་ཀྱི་ཡོད་འདུག མ་ཟད། ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༠ ཉིན་གྲ་ཤག་གཏོར་ཤུལ་གྱི་འཁོར་སྐར་པར་རིས་ལ་བརྟག་ན་གཏོར་ཤུལ་གྱི་རྒྱ་ཁྱོན་ཆེ་རུ་འགྲོ་བཞིན་པ་མངོན་གསལ་དོད་དུ་སོང་ཡོད།



མདོར་ན། ད་རེས་བླ་རུང་སྒར་དུ་གྲ་ཤག་བཤིག་པ་དང་། ཡུལ་སྐོར་བའི་འགྲོ་འོང་ལ་གཅིག་གྱུར་གྱིས་དོ་དམ་དང་ཚད་བཀག་བྱེད་པ། སྒེར་ངོས་ནས་ས་ཁུལ་དེར་འཛུལ་བར་བཀག་སྡོམ་བྱེད་པ་བཅས་དུས་མཉམ་དུ་བྱུང་ཡོད་ལ། གཞུང་ཕྱོགས་ཀྱི་གསལ་བསྒྲགས་ནང་འགྲོ་འོང་ལ་བསྒྱུར་བ་གཏོང་དགོས་དོན་ལམ་བཟོ་བཅོས་དང་ཡུལ་སྐོར་བའི་བདེ་འཇགས་ལ་འབྲེལ་བ་ཡོད་པར་བརྗོད་ཡོད་ཀྱང་། ས་མཚུངས་སུ་གྲ་ཤག་བཤིག་བཞིན་པའི་གནས་ཚུལ་ཐོན་པ་དེས། བླ་རུང་སྒར་གྱི་གྲ་བཙུན་གྱི་གྲངས་ཚད་དང་གྲ་ཤག་གི་གྲངས་ཚད། དེ་བཞིན་ཕྱི་མི་ས་ཁུལ་དེར་འགྲོ་འོང་བྱེད་པ་བཅས་ལ་དོ་དམ་དང་ཚད་བཀག་མུ་མཐུད་དམ་དུ་འགྲོ་བཞིན་པའི་གནས་སྟངས་ཤིག་མངོན་གྱི་ཡོད་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
