ཕྱི་ཟླ་ ༩ ཚེས་ ༡༦ ཉིན་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་མའོ་རྫོང་གི་ཏེ་ཞི་གྲོང་རྡལ་དུ་རི་ཉིལ་ནས་ཉེན་ཁ་ཆེན་པོ་བྱུང་སྟེ་གཞུང་ལམ་འགག་འདུག
གནོད་འཚེ་བྱུང་ཡུལ་དུ་རི་ཉིལ་བའི་ཉེན་ཁ་ཡོད་པ་སྔོན་ནས་ཤེས་རྟོགས་བྱུང་སྟེ། ཉེན་བརྡ་བཏང་བ་བརྒྱུད་ཉེན་ཁའི་ས་ཁུལ་གྱི་མི་ ༡༦༡ སྔོན་ནས་གནས་སྤོ་བྱས་པ་དེས། མི་ཤི་རྨས་བྱུང་མེད་པ་དང་། ད་ལྟའི་ཆར་གཞུང་ལམ་ ༢༡༣ གྱི་མའོ་རྫོང་ལམ་རྒྱུད་ཁག་ཅིག་ལ་ཕར་ཚུར་གཉིས་ཀར་འགྲུལ་བཞུད་བྱ་རྒྱུ་བཀག་སྡོམ་བྱས་ཡོད་པ་གཞུང་འབྲེལ་བརྒྱུད་ལམ་ནས་བརྗོད་ཡོད་པ་ལས་གནད་འཚེའི་བྱུང་རྐྱེན་སོགས་ཞིབ་ཕྲའི་གནས་ཚུལ་བརྗོད་མི་འདུག
མའོ་རྫོང་དུ་ཆང་རིགས་གཙོས་མི་རིགས་སྣ་ཚོགས་གནས་སྡོད་བྱེད་ཀྱི་ཡོད་ཅིང་། མི་འབོར་གྲངས་ཐོ་ལྟར་ན། བོད་རིགས་ ༡༧༠༠ ལྷག་ཡོད་འདུག འོན་ཀྱང་ད་རེས་རི་ཉིལ་སའི་ཁུལ་དུ་བོད་མི་གནས་སྡོད་བྱེད་ཀྱི་ཡོད་མེད་ཁ་གསལ་མི་འདུག་ལ། སྔོན་ནས་གནས་སྤོ་བྱས་པའི་མི་ ༡༦༡ ནང་བོད་མི་ཡོད་མེད་ད་ལྟའི་ཆར་གནས་ཚུལ་ཁ་གསལ་མི་འདུག
དེ་སྔ་ ༢༠༡༤ ལོར་རྔ་བ་མའོ་རྫོང་དུ་རི་ཉིལ་བའི་གནོད་འཚེ་བྱུང་ནས་མི་ ༡༠ འདས་གྲོངས་སུ་ཕྱིན་ཡོད།

ཡང་ཟླ་ ༨ ཚེས་ ༢༦ ཉིན་བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་ས་མཚམས་སུ་འཁྱགས་རུད་ལས་ཐོན་པའི་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་བྱུང་སྟེ་མི་ ༡༣༠༠ ལྷག་འདས་གྲོངས་སུ་སོང་བ་དང་མི་ ༥༣༠༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། སྐྱིད་གྲོང་འགག་སྒོའི་ཁུལ་ཡོངས་རྫོགས་འདམ་རྡོ་ཆུ་རུད་ཀྱི་བསྣུབས་ཏེ་མི་གཅིག་ཀྱང་སྐྱོབ་ཐུབ་མེད་པ་རེད།།
