སྔོན་བརྡ། དངངས་འཚབ་སྐྱེས་གཞིའི་གནས་ཚུལ་ཡོད་པས་དགོངས་འཇགས་ཞུ།
མཉམ་འབྲེལ་རྒྱལ་ཚོཊ་མདུན་རང་སྲེག་ངོ་རྒོལ་གནང་མཁན་བློ་དགའ་རང་བཙན་ལགས་སྐུ་གཤེཊ་འདུག
རེས་གཟའ་ཕུར་བུ་དང་ཕྱི་ཟླ་ ༧ ཚེས་ ༢ ཉིན་ནིའུ་ཡོག་ཏུ་བཅའ་བཞུགས་བློ་དགའ་རང་བཙན་(བློ་བཟང་དཔལ་ལྡན་)གྱིས་ངོ་དེབ་ཐོག་ཐད་གཏོང་བཀའ་མོལ་ཐེངས་འགའ་གནང་སྟེ་མཐར་བོད་མི་ཚོར་འབོད་སྐུལ་དང་ཁ་ཆེམས་ཀྱི་ཚུལ་དུ་སྐར་མ་ ༦ ལྷག་ཙམ་གྱི་བཀའ་མོལ་ཞིག་གནང་ཡོད་པ་དང་། ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་འདི་བོད་མི་རིགས་རྩ་མེད་གཏོང་བའི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད་རེད། བོད་ནང་བཞུགས་མཁན་ཚོས་ལྷག་བསམ་རྣམ་དག་གི་ཐོག་ནས་སོ་སོའི་སྐད་དང་ཡི་གེ བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གནང་གི་ཡོད་པ་འདི་ཚོ་ཧ་ལས་དགོས་པ་རེད་འདུག་པས། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། བཙན་བྱོལ་ནང་ཡོད་པ་ཚོར་ཞུ་རྒྱུར། མི་རིགས་ཤིག་གི་འཐབ་རྩོད་ཀྱི་ཆེད་དུ་ཞི་བདེ་དང་གང་ཡང་བྱེད་མི་དགོས་པའི་ཐོག་ནས་རྩ་བ་ནས་ཐོབ་ཀྱི་མ་རེད། དེར་བརྟེན་བཙན་བྱོལ་ནང་བཞུགས་པ་ཚོས་ཤུགས་མང་ཙམ་རྒྱག་དགོས་པ་འདུག་ཅེས་ཞུ་རྒྱུ་ཡིན་པ་སོགས་ལས་འགུལ་སྤེལ་དགོས་པའི་བཀའ་མོལ་ཆུ་ཚོད་གཅིག་ཙམ་གནང་ཡོད་འདུག

ཐད་གཏོང་གི་བརྒྱུད་རིམ་གཞན་ཞིག་ལྟར་ན། བློ་དགའ་རང་བཙན་རང་ཉིད་ཀྱིས་བོད་ཆས་ཕྱུ་པ་གྱོན་པ་དང་། ཁོང་གིས་དགོང་དྲོ་ཆུ་ཚོད་བདུན་པ་ཙམ་ལ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ལམ་ཆེད་དང་པོའི་སྲང་ལམ་ ༤༣ གྱི་ཐོག་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་འཁྱེར་ནས་ལམ་མདོར་རྒྱལ་དར་སྒྲེང་སྟེ་ལམ་སེང་རང་ལུས་མེར་བསྲེགས་བཏང་འདུག མེར་བསྲེགས་བཏང་ཟིན་མཚམས་སྐར་ཆ་ཁ་ཤས་ལས་མ་འགོར་བར་ས་ལ་གྱེལ་ཏེ་གང་ཙམ་རྗེས་མི་གཉིས་ཀྱིས་མེ་བསད་དེ་ཛ་དྲག་མྱུར་སྐྱོབ་རུ་ཁག་སླེབས་འདུག་ཅིང་། ནིའུ་ཡོག་ནས་འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་ན། བོད་མི་དེ་བློ་དགའ་རང་བཙན་རང་ཉིད་ཡིན་པ་བརྗོད་ཀྱི་འདུག་ལ། ཁོང་ནིའུ་ཡོག་གི་བྷེ་ལུ་ཝུའེ་སྨན་ཁང་དུ་བསྐྱལ་ཡོད་ན་ཡང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་འཇམ་དཔལ་ཆོས་བཟང་ལགས་ཀྱིས་གསུངས་དོན་ལྟར་ན། སྐུ་ཚེ་མ་ཟིན་པར་དགོངས་པ་རྫོགས་འདུག
ངོ་དེབ་ཐོག་གི་ཐད་གཏོང་དེར་གཞིགས་ན། སྐར་མ་ ༢༢ མིན་ཙམ་སོང་སྟེ་ཐད་གཏོང་བཀག་མཁན་མེད་པར་ལུས་པ་མངོན་རྒྱུ་འདུག་ལ། སྐོར་སྲུང་བས་ཐད་གཏོང་འགྲོ་བཞིན་པའི་ཁ་པར་ལ་འཇུས་ཙམ་བྱས་པ་ཡང་མཐོང་རྒྱུ་འདུག
ཨེ་ཤེ་ཡང་རང་དབང་རླུང་འཕྲིན་ཁང་གིས་བྷེལ་ལུ་ཝུའེ་སྨན་ཁང་ལ་འབྲེལ་བ་བྱས་ཏེ་དྲི་རྩད་ཞུས་ཀྱང་དོ་བདག་གི་ཞིབ་ཕྲའི་གནས་ཚུལ་གསུངས་རྒྱུ་མེད་ཅེས་ལན་འདེབས་གནང་བྱུང་།

ཡང་ཤེས་རྟོགས་བྱུང་བར། ཐད་གཏོང་བརྒྱུད་ནས་བོད་མིའི་སྤྱི་ཚོགས་ཁྲོད་གནས་ཚུལ་ཤུགས་ཆེ་ཁྱབ་པར་བརྟེན། བོད་མི་མང་པོ་ཞིག་སྨན་ཁང་གི་མདུན་དུ་འཛོམས་ཡོད་སྟབས། དེར་འདུས་ཏེ་བློ་དགའ་ལགས་ཡོད་སར་བཏང་མེད་སྟབས། འདུ་འཛོམས་བྱུང་པའི་བོད་མི་ཚང་མ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བསྐྱོད་དེ་བོད་ལ་རང་དབང་དགོས་པ་དང་། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག་ཅེས་སོགས་ཀྱི་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་ལ། དེ་རྗེས་མང་ཚོགས་ཀྱིས་དམ་པ་ཁོང་གི་ཆེད་སྨོན་ལམ་འདོན་གནང་འདུག མ་ཟད་ཁོང་དང་སེམས་ཐག་ཉེ་པོ་ཡོད་པའི་མི་ཁག་ཅིག་དགོང་མོ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་སར་བཞུགས་ཏེ་བསྔོ་སྨོན་གནང་ཡོད་ཅིང་། ཕྱི་ཚེས་ ༣ གྱི་སྔ་དྲོ་ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་ཀྱི་ཉེ་འཁོར་ནས་བོད་མི་བརྒྱ་ཕྲག་འཛོམས་ཏེ་རྔམ་སྟོན་སྐད་འབོད་གནང་འདུག
བློ་དགའ་རང་བཙན་ལགས་ཀྱིས་ངོ་དེབ་ཐོག་ཐད་གཏོང་ཐེངས་འགའ་ཕེབས་ཏེ་ཁ་ཆེམས་ཀྱི་ཚུལ་དུ་བཀའ་མོལ་གནང་པའི་སྐབས་ལས་འགུལ་ལྗིད་པོ་གཅིག་སྤེལ་གྲབ་ཡོད་པའི་བརྡ་ཞིག་བཏང་འདུག་ལ། ཐད་གཏོང་གི་བཀའ་མོལ་ནང་། དེ་རིང་ངས་ལས་འགུལ་ལྗིད་པོ་གཅིག་སྤེལ་བ་ཡིན་ན་མྱ་ངན་བྱེད་མི་དགོས་པར་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་ཆོལ་ཁ་དང་ཆོལ་ལུགས་སོགས་ཀྱི་རྩོད་གླེང་བྱེད་རྒྱུ་མེད་པ་དང་། བོད་མིར་རང་དབང་མེད་པ་ནི་གཙོ་བོ་བོད་ཀྱི་རང་བཙན་གྱི་གནས་བབ་ཤོར་བར་བརྟེན་ནས་བྱུང་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོར་མི་རྒྱུའི་འགྲོ་གྲོན་བཏང་མི་དགོས་པར་དམངས་གཙོ་མར་གསོལ་རས་གནང་པ་ནི་ཤིན་ཏུ་བཀྲིན་ཆེན་པོ་ཡིན་པས། ཚང་མས་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་ལས་འགུལ་གནང་དགོས་པའི་འབོད་སྐུལ་གནང་འདུག
བློ་དགའ་རང་བཙན་(བློ་བཟང་དཔལ་ལྡན་)ལགས་ནི་བོད་ཀྱི་ཁམས་དཀར་མཛེས་ཁུལ་དུ་འཁྲུངས་ཤིང་། ལོ་རབས་དགུ་བཅུའི་ནང་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས་དགའ་ལྡན་བྱང་རྩེར་མུ་མཐུད་ཆོས་ཞུགས་སློབ་གཉེར་གནང་པ་དང་། ཨ་རིར་ཕེབས་རྗེས་བོད་རང་བཙན་སོགས་ཀྱི་ལས་འགུལ་མང་པོའི་ནང་མཉམ་ཞུགས་གནང་མཁན་གྱི་ལས་འགུལ་བ་ཞིག་ཆགས་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པས་ཁོང་གི་ནང་མིར་ཐུགས་གསོ་ཞུས་པ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ནས་གདུང་སེམས་མཉམ་བསྐྱེད་གནང་བ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཚེས་ ༣ ཉིན་བཞུགས་སྒར་རྡ་རམ་སར་འཚོགས་པའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་དབུ་འབྱེད་གསུང་བཤད་གནང་སྐབས། ཐོག་མར་བློ་དགའ་ལགས་ཀྱིས་རང་སྲེག་ངོ་རྒོལ་གནང་བའི་གནས་ཚུལ་འདིའི་སྐོར་གསུངས་པར། བློ་དགའ་ལགས་དུས་རྒྱུན་དུ་ནས་བོད་སྤྱི་པའི་རྩ་དོན་ལ་ཁུར་འཁྱེར་མཁན་ཞིག་དང་ནིའུ་ཡོག་ནང་དུ་བོད་སྤྱི་པའི་དོན་ལ་ག་དུས་ཡིན་རུང་དུས་ཚོད་གཏོང་མཁན་ཞིག་རེད་ཅེས་དང་། ཚེས་ ༢ ཉིན་གྱི་དགོང་དྲོ་སྨན་ཁང་དུ་སྐུ་ཚེ་ཟིན་མི་འདུག བོད་ཕྱི་ནང་གང་དུ་ཡིན་རུང་། བོད་སྤྱི་པའི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་ཚོར་ང་ཚོས་རྗེས་དྲན་ཞུ་དགོས་པ་ཞིག་ཡིན་པས། ད་རིང་ཞོགས་པ་བཀའ་ཤག་འཚོགས་ཏེ་ཉིན་རྒྱབ་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན། གཞོན་སྐྱེས་ཚོས་ཤེས་གསལ་རེད། བོད་ནང་ ༢༠༠༩ ལོ་ནས་བཟུང་ ༢༠༢༢ ཙམ་བར་བོད་པ་ ༡༥༧ ཙམ་ཞིག་གིས་རང་སྲེག་གནང་ཡོད། ང་ཚོས་རང་ལུས་མེར་སྲེག་དང་རང་ལུས་མཆོད་འབུལ་ཞེས་བརྗོད་ཀྱི་ཡོད། གང་ལྟར་བོད་སྤྱི་པའི་དོན་དུ་སྲོག་བློས་བཏང་པ་རེད་ཅེས་གསུངས་འདུག
འདས་པོའི་ཆེད་མཆོད་འབུལ་སྨོན་ལམ།
བྱང་ཨ་རིའི་ཁུལ་དུ་མཚོན་ན། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་སྤྱི་མཐུན་ཚོགས་པ་ཁག་ལ་བརྡ་ཁྱབ་བཏང་གནང་སྟེ་བློ་དགའ་ལགས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་ཡོང་བའི་གསུངས་འདུག་ལ། ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་སྤྱི་ཁང་དུ་འདུ་འཛོམས་ཀྱིས་ལམ་སེང་སྨོན་ལམ་གསུང་འདོན་གནང་ཡོད་ཅིང་། བདེ་སྲུང་བཀའ་བློན་ཀུན་དགའ་བཀྲིས་ལགས་ཀྱིས་ཀྱང་སྨོན་ལམ་ཐོག་མཉམ་ཞུགས་ཀྱིས་འབྲེལ་ཡོད་གནས་ཚུལ་སྲིད་སྐྱོང་དང་བཀའ་ཤག་ལ་སྙན་སེང་ཞུས་པ་སོགས་གསུངས་འདུག
ཡང་རྒྱ་གར་གཙོས་པའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བློ་དགའ་(བློ་བཟང་དཔལ་ལྡན་)ལགས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་ཚོགས་བཞིན་ཡོད་འདུག
ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། བློ་དགའ་ལགས་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཉེན་ཁའི་གནས་བབ་ལ་ཞི་བའི་སྒོ་ནས་རྒྱལ་སྤྱིའི་དོ་སྣང་ཡོང་རྒྱུར་འབད་བརྩོན་གནང་མཁན་ཞིག་དང་། བོད་དོན་ཆེད་དཀའ་ངལ་འཛེམས་མེད་གནང་མཁན་གྱི་ལས་འགུལ་བ་ཞིག་ཡིན་པས། ཁོང་གི་དྲང་བདེན་དང་བོད་ཀྱི་རྩ་དོན་ཆེད་གཡོ་བ་མེད་པའི་དམ་བཅའ་དེ་ང་ཚོས་ནམ་ཡང་བརྗེད་ཐབས་མེད་ཅེས་བཀོད་གནང་འདུག་ལ། བློ་དགའ་ལགས་སྐུ་ཚེ་མ་ཟིན་པའི་ཉིན་སྔོན་མ་དེར། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཟེར་བ་དེ་ལག་བསྟར་བྱས་ཡོད།
ཁོང་གིས་རང་གིས་ངོ་དེབ་སྟེང་སྤེལ་བའི་བཀའ་མོལ་མཐའ་མ་འདིའི་ནང་། རྒྱ་ནག་གི་སྲིད་བྱུས་ཁག་གིས་བོད་མིའི་ངོ་བོ་དང་། སྐད་ཡིག རིག་གཞུང་དང་བཅས་པ་གསོན་གནས་ཀྱི་ཐོག་ཐད་ཀར་ཉེན་ཁ་བཟོ་བཞིན་ཡོད་པའི་སྐོར་ལ་དོགས་ཟོན་དང་སྔོན་བརྡ་བཏང་ཡོད་པ་མ་ཟད། བོད་མི་ཡོངས་ཀྱིས་བོད་ཀྱི་རྩ་དོན་འཐབ་རྩོད་ཆེད་རྡོག་རྩ་གཅིག་སྒྲིལ་གནང་དགོས་པའི་འབོད་སྐུལ་གནང་འདུག་པས། ང་ཚོས་བློ་ཕམ་གྱི་གོད་ཆག་འདིར་མྱ་ངན་ཞུས་པ་དང་དུས་མཚུངས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁོང་གི་རེ་ཐག་ཆད་པའི་ཁྲོད་ཀྱི་བཀའ་མོལ་དེར་དོ་སྣང་གིས་བོད་ནང་གི་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འདི་སེལ་ཐབས་བྱེད་དགོས་པ་མ་ཟད། རྒྱ་ནག་གཞུང་གི་བཙན་གནོན་དང་བཙན་ཤེད་ཀྱིས་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས་འདིའི་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ནི་ཛ་དྲག་གི་ལས་འགན་ཞིག་ཆགས་ཡོད་ཅེས་གསུངས་འདུག

སྐུ་ཕུང་ཞུགས་འབུལ།
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་བོད་རིཊ་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་བདེ་བཞིར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་དབུས་བྱང་ཨ་རིའི་སྤྱི་འཐུས་དང་། སྲིད་ཟུར་བཅས་སོགས་གནས་ཡོད་མི་སྣ་མང་པོ་ཕེབས་ཞུགས་ཐོག་བློ་དགའ་རང་བཙན་ལགས་སུ་གུས་འདུད་དང་རྗེས་དྲན་མཆོད་འབུལ་གྱི་མཛད་སྒོ་ཞིག་གནང་ཡོད་ཅིང་། སྐབས་དེར་ནིའུ་ཡོག་དང་ནིའུ་ཇར་སི་ཙམ་མ་ཟད། སྦོསི་ཊོན་དང་། ཁེ་ན་ཌ། ཁེ་ལི་ཧྥོར་ནི་ཡ། མི་ནེ་སོ་ཊ་བཅས་སོགས་ས་ཁུལ་གང་ས་ནས་བོད་མི་ཕོན་ཆེ་ཆེད་བཅར་གྱིས་གུས་འདུད་ཞུས་ཡོད་ལ། མཛད་གཙོ་རྣམ་པས་གསུང་བཤད་གནང་སྐབས་གཙོ་བོ་བློ་དགའ་ལགས་ཀྱིས་མཐའ་མའི་ཞལ་ཆེམས་བཞག་གནང་པ་བཞིན་བོད་མི་ཚོ་ཆིག་སྒྲིལ་གྱི་ཐོག་ནས་མདུན་སྐྱོད་གནང་རྒྱུ་གལ་ཆེ་ཡིན་པ་གསུངས་སོང་།
བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡུལ་རྒྱལ་ཚོཊ་ཀྱི་ལས་ཁུངས་མདུན་ནས་སྐུ་ཕུང་ཞུགས་འབུལ་ཆེད་གདན་ཞུ་བྱས་པ།
ནིའུ་ཡོག་ནས་ཡིན་པའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཨེ་ལེགསི་ཨེན་ཌ་རི་ཡ་ ཨོ་ཀ་སིའོ་ ཀོར་ཊེ་ཟི་ལགས་ཀྱིས་མྱ་ངན་ཞུས་པ།
བོད་ཀྱི་རང་དབང་ལས་འགུལ་བ་བློ་དགའ་རང་བཙན་ལགས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་སྐབས་ང་རང་ཡིད་ཤིན་ཏུ་སྐྱོ་བྱུང་། དམ་པ་ཁོང་མྱ་ངན་ཞུས་པ་དང་དུས་མཚུངས། ང་ཚོས་བོད་དང་ཐ་ན་འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་མུ་མཐུད་འཐབ་རྩོད་བྱ་རྒྱུ་ཡིན།
ངའི་སེམས་པ་ཁོང་གི་གཉེན་ཉེ་རྣམས་དང་། དེ་བཞིན་ནིའུ་ཡོག་གི་འདེམས་ཁུལ་བཅུ་བཞི་པའི་ (NY-14) ནང་ཡོད་པའི་བོད་མིའི་སྤྱི་ཚོགས་ཡོངས་དང་ལྷན་དུ་ཡོད།

ཁ་སྣོན། སྐུ་ཕུང་ཞུགས་འབུལ་གྱི་གནས་ཚུལ་ཁ་སྣོན་ཞུས་ཡོད། ༢༠༢༦།༧།༦
ཁ་སྣོན། རྒྱལ་ཚོགས་ཀྱི་མགྲིན་ཚབ་པའི་ཡ་ལན་ཁ་སྣོན་ཞུས། ༢༠༢༦།༧།༧
ནིའུ་ཡོག་ནས་ཡིན་པའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཨེ་ལེགསི་ཨེན་ཌ་རི་ཡ་ ཨོ་ཀ་སིའོ་ ཀོར་ཊེ་ཟི་ལགས་ཀྱིས་མྱ་ངན་ཞུས་སྐོར་ཁ་སྣོན།
པར་ལེན་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
