ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་པ་དང་རྒྱལ་ཚོཊ་ཀྱི་མགྲིན་ཚབ་པས་གདུང་སེམས་མཉམ་སྐྱེད།

བློ་དགའ་ལགས་ཀྱིས་རང་སྲེག་ངོ་རྒོལ་གནང་བར་ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་པ་ཞིག་གིས་་བོད་དོན་ལ་དོ་སྣང་དགོས་པའི་འབོད་སྐུལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལན་འདེབས་བྱས་པ།

ཨ་རིའི་སིན་སི་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་ཨཕ་ཏབ་ པུ་རེ་ཝལ་ (Aftab Purewal) ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་མདུན་རང་སྲེག་ངོ་རྒོལ་གནས་མཁན་བོད་མི་བློ་དགའ་རང་བཙན་ལགས་ཀྱི་ནང་མི་དང་ཉེ་འབྲེལ་ལ་གདུང་སེམས་མཉམ་སྐྱེད་ཞུས་པ་དང་། ཨ་རིའི་སྲིད་དོན་ཚོགས་པ་གཉིས་དང་རྒྱལ་སྤྱིའི་ཐོག་ནས་ད་ལྟ་བོད་ནང་བྱུང་བཞིན་པའི་གནས་ཚུལ་ལ་དོ་སྣང་གིས་བོད་མི་དམངས་དང་མཉམ་དུ་ལངས་ཏེ་བློ་དགའ་ལགས་ཀྱི་འབོད་སྒྲར་གསན་དགོས་པའི་འབོད་སྐུལ་གནང་འདུག

དེ་ཡང་སྤྱི་ཁྱབ་པ་ཨཕ་ཏབ་ པུ་རེ་ཝལ་ལགས་ཀྱིས་ཚེས་ ༦ ཉིན་རང་ཉིད་ཀྱི་ངོ་དེབ་སྟེང་གསལ་བསྒྲགས་ཤིག་སྤེལ་བའི་ནང་བོད་པ་ལས་འགུལ་བ་བློ་དགའ་རང་བཙན་ (བློ་བཟང་དཔལ་ལྡན་) ལགས་ཀྱི་ནང་མི་དང་ཉེ་འབྲེལ། དེ་བཞིན་ནིའུ་ཡོག་དང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་པའི་སྤྱི་ཚོགས་དང་མཉམ་དུ་གདུང་སེམས་མཉམ་སྐྱེད་ངང་མྱ་ངན་ཞུ་བཞིན་ཡོད། ཁོང་གི་སྐུ་སྲོག་ཤོར་བ་འདིས་རྒྱ་ནག་གཞུང་གིས་བོད་ནང་བཙན་ཤེད་ཀྱི་མི་རིགས་རྩ་མེད་བཟོ་བའི་དུས་རབས་འདིའི་ནང་བོད་མི་ཚོར་འཕྲད་བཞིན་པའི་དཀའ་སྡུག་འདི་མཚོན་གྱི་ཡོད་ཅེས་བཀོད་འདུག

རྒྱ་ནག་གི་མི་རིགས་སྲིད་བྱུས།

ཨཕ་ཏབ་ལགས་ཀྱིས་མུ་མཐུད། བློ་དགའ་ལགས་མ་གཤེགས་པའི་ཉིན་གཅིག་གི་སྔོན་འདིར་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཟེར་བ་དེ་ལག་བསྟར་བྱས་ཤིང་། ཁྲིམས་འདི་ནི་བོད་མི་དང་། ཡུ་གུར། སོག་པོ་བཅས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་རྩ་མེད་བཏང་སྟེ། གཞུང་གིས་གཏན་འབེབས་བྱས་པའི་ངོ་བོ་གཅིག་གིས་ཚབ་བྱེད་རྒྱུའི་ཆེད་དུ་བཟོས་པ་ཞིག་རེད། འདས་པའི་འདི་ནི་ལོ་ངོ་བཅུ་ཕྲག་དུ་མའི་རིང་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་པའི་གོམ་པ་གསར་པ་ཞིག་རེད། ང་ཚོའི་སྐད་ཡིག་སློབ་ཁང་ནང་ནས་ཕྱིར་ཕུད་བཏང་བ་དང་། ང་ཚོའི་ཕྲུ་གུ་རྣམས་གཞུང་གི་བཅའ་སྡོད་སློབ་གྲྭར་བཙན་ཤེད་ཀྱིས་བཅུག་པ། ང་ཚོའི་ཆོས་དད་ལ་སྟངས་འཛིན་དང་དམ་དྲག་བྱེད་བཞིན་པ་ང་ཚོས་དངོས་སུ་མཐོང་གི་ཡོད་ཅེས་གསུངས་འདུག

ཨ་རིའི་སིན་སི་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་ཨབ་ཏབ་ པུ་རེ་ཝལ་ལགས་ཀྱི་ཨ་མ་ལགས་དང་བཅས་པའི་ནང་མི་ཁག་ཅིག་༡༩༥༩ ལོར་བོད་ནས་བཙན་བྱོལ་དུ་སླེབས་པའི་བོད་པའི་རྒྱུད་པ་ཞིག་ཡིན་ཞིང་། ཨ་རིའི་ནང་བཙན་བྱོལ་བོད་པའི་རྒྱུད་པ་ཡིན་པའི་གྲོང་ཁྱེར་སྤྱི་ཁྱབ་ཐོག་མ་འདི་ཆགས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་མདུན་གྱི་བོད་མིས་རང་སྲེག་བྱས་པར་རྒྱལ་ཚོགས་ཀྱི་ལན་འདེབས།

ཕྱི་ཚེས་ ༦ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་མགྲིན་ཚབ་པ་ སི་ཌི་ཧྥན་ དུ་ཇཱ་རིཀ་ལགས་ཀྱིས། རེས་གཟའ་ཕུར་བུའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱི་ལ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་དེར་བློ་ཕམ་ཆེན་པོ་བྱུང་སྐོར་བརྗོད་འདུག

དེ་ཡང་མཉམ་འབྲེལ་རྒྱལ་ཚོཊ་ཀྱི་མགྲིན་ཚབ་པ་སཊི་ཕན་ཡུ་ཧ་ཧིག་ལགས་སུ་གསར་འགོད་ལྷན་ཚོགས་ཐོག་ཕྱི་ཚེས་ ༦ ཉིན་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་པའི་གནས་ཚུལ་ཐད་གསར་འགོད་པ་ཞིག་གི་དྲི་བར་ལན་འདེབས་བྱས་པའི་སྐབས། མགྲིན་ཚབ་པ་ཁོང་གིས། རེས་གཟའ་ཕུར་བུའི་ཕྱི་དྲོ་གང་བྱུང་པ་འདི་འགྲོ་བ་མིའམ་རིམ་པ་གང་གི་ཆ་ནས་ཧ་ཅང་གི་ཚབས་ཆེ་བའི་སྐྱོ་གནད་ཅིག་རེད། ང་ཚོར་ཧ་ཅང་ཚབས་ཆེ་བའི་ཡིད་སྐྱོའི་གནས་ཚུལ་དེར་བློ་ཕམ་ཡོད། ཁོང་གི་ནང་མིར་མྱ་ངན་ཞུ་ཡི་ཡོད་ཅེས་དང་། ཡང་གསར་འགོད་པ་ཞིག་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་ཕྱི་ལ་ངོ་རྒོལ་གནང་མཁན་གྱི་གནད་དོན་དེ་དང་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་སྐོར་དགོང་ཚུལ་གང་ཡོད་དམ། ངོ་རྒོལ་བྱེད་མཁན་དེ་བོད་ནས་རེད་འདུག་ཅེས་དྲིས་པར། རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་དེས་མུ་མཐུད་གསུངས་དོན་དུ། མི་གང་ཞིག་གིས་དེ་ལྟའི་ལས་ལ་འཇུག་དགོས་དོན་ལ་བསམ་གཞིཊ་བྱེད་དཀའ་བ་རེད། གཞི་རྒྱ་ཆེ་ས་ནས་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་ཡང་ཡང་བརྗོད་པ་ལྟར། རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་གྲངས་ཉུང་མི་རིཊ་ཀྱི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས། ཁོང་ཚོ་སྤྱི་ཚོཊ་དེའི་ཆ་ཤས་ཤིག་ཡིན་པའི་ཚོར་བ་སྐྲུན་རྒྱུ་དེ་གལ་ཆེན་པོ་ཡིན་པ་གསུངས་ཡོད་ཅེས་ལུང་འདྲེན་གནང་འདུག

རྒྱལ་ཚོགས་ཀྱི་མགྲིན་ཚབ་པས་བློ་དགའ་རང་བཙན་ལཊ་ཀྱི་ལས་འགུལ་ལ་ཡ་ལན། རྒྱལ་ཚོགས་ཀྱི་མགྲིན་ཚབ་པས་བློ་དགའ་རང་བཙན་ལཊ་ཀྱི་རང་ལུས་མེར་བསྲེཊ་གནང་པར་བློ་ཕམ་དང་བཅས་ཁོང་གི་ནང་མིར་མྱ་ངན་ཞུས་འདུག

གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པས་དྲི་བའི་ནང་བོད་དང་བོད་དོན་སྐོར་ལ་དྲི་བ་བཏང་ཡོད་ནའང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པས་བོད་ (Tibet) ཅེས་པའི་ཚིག་དེ་ཐེངས་གཅིག་ཀྱང་མ་བརྗོད་པར་གནད་དོན་རྒྱ་ཆེ་ས་ཟེར་བ་དང་གྲངས་ཉུང་མི་རིགས་ཞེས་པའི་ཐ་སྙད་ཁོ་ན་སྤྱད་དེ་ལན་འདེབས་བྱས་འདུག བློ་དགའ་རང་བཙན་ལགས་ཀྱིས་རྒྱལ་ཚོགས་ལ་བཏོན་པའི་རེ་འབོད་ཀྱི་ནང་དོན་ལུང་འདྲེན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སུ་བཀའ་དྲི་ཞུས་ཡོད་པས་ལན་འདེབས་ལ་ངང་སྒུག་བྱེད་བཞིན་ཡོད།

བློ་དགའ་ལགས་ཀྱིས་རང་སྲེག་ངོ་རྒོལ་གནང་བར་ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་ནས་བོད་དོན་ལ་དོ་སྣང་དགོས་པའི་འབོད་སྐུལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལན་འདེབས།
བོད་མིའི་རང་སྲེག་ལ་ཨ་རིའི་དཔོན་རིགས་ཀྱིས་གདུང་སེམས་མཉམ་སྐྱེད། བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་ཡུལ་མཉམ་འབྲེལ་རྒྱལ་ཚོགས་མདུན་བོད་མི་ཚོས་སྨོན་ལམ་འདེབས་བཞིན་པ། (RFA Tibetan)

བོད་དང་བོད་མིའི་གནས་སྟངས།

ཁོང་གིས་མུ་མཐུད་གསལ་བསྒྲགས་ནང་བཀོད་པར། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་མི་ ༡༧༠ ལྷག་གིས་རང་སྲེག་ངོ་རྒོལ་གནང་པ་དང་། ཁོང་ཚོའི་ནང་གི་མི་མང་ཆེ་བའི་མིང་གསར་འགྱུར་ནང་ཐོན་མེད། བོད་ཀྱི་འཐབ་རྩོད་ནི་འཚེ་བ་མེད་པ་དང་། དམངས་གཙོའི་དང་ལྡན་པ་ཞིག་ཡིན་པ་མ་ཟད། ལོ་ངོ་ ༧༠ ལྷག་གི་རིང་མུ་མཐུད་འཐབ་རྩོད་བྱེད་བཞིན་ཡོད་དུས། བརྒྱུད་ལམ་ཁག་གིས་དེ་བས་དོ་སྣང་དགོས་པ་ཞིག་རེད། བོད་མི་དམངས་ལ་རང་ཉིད་ཀྱི་སྐད་ཡིག་དང་ཆོས་དད། རང་གི་ལུང་པ་དང་མ་འོངས་པ་ཞིག་ཡོད་པར་ངས་ངོས་འཛིན་བྱེད་ཡོད་ཅེས་འདུག

རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ།

མི་སྒེར་གྱི་དད་མོས་དང་ཡང་ན་ཆབ་སྲིད་ཀྱི་སྒྲིག་གཞི་གང་འདྲ་ཞིག་ཡིན་རུང་། མི་ཚོའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་ངེས་པར་དུ་བརྩི་བཀུར་བྱས་དགོས་ཀྱི་ཡོད། ༡༩༩༥ ལོར་དགུང་གྲངས་དྲུག་ལས་ཕེབས་པའི་པའི་ཀུན་གཟིགས་པཎ་ཆེན་རིན་པོ་བཙན་ཁྲིད་བྱས་པ་ནས་བཟུང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ལུགས་ལས་དོན་ཐོག་གི་དབང་ཆ་ལྡན་ཡོད་པ་བརྗོད་ཀྱི་ཡོད། འདས་པའི་ལོ་ངོ་ ༣༠ ཙམ་རིང་ཐེ་ཇུས་དེ་རིགས་ཤུགས་ཆེ་རུ་ཕྱིན་ཡོད་རུང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་གནད་དོན་འདིའི་ཐོག་རྒྱབ་སྐྱོར་ད་དུང་ཡང་གདེང་ངེས་ཤིག་མེད་པ་འདི་ནི་བློ་ཕམ་དགོས་པ་ཞིག་ཆགས་ཡོད་ཅེས་བཀོད་དེ་མཐར་འབོད་སྐུལ་འདི་ལྟར་གནང་འདུག ཨ་རིའི་སྲིད་དོན་ཚོགས་པ་གཉིས་དབུ་ཁྲིད་དང་རྒྱལ་སྤྱིའི་ཚོགས་ཁག་གིས་བོད་ནང་ད་ལྟ་ཐོན་བཞིན་པའི་དངོས་ཡོད་གནས་ཚུལ་གསལ་པོར་བརྗོད་དགོས་པ་མ་ཟད། ད་དུང་བོད་མིར་རྒྱབ་སྐྱོར་གནང་དགོས་པའི་ངས་འབོད་སྐུལ་ཞུ་རྒྱུ་ཡིན། བློ་དགའ་རང་བཙན་ལགས་ཀྱིས་ཐོས་འདོད་ཡོད་ལ། ང་ཚོས་ཁོང་གི་སྐད་སྒྲ་ཐོས་པ་དགོས་འདུག་ཅེས་གསལ་བསྒྲགས་ནང་བཀོད་འདུག

རྒྱ་ནག་གཞུང་གི་ལན་འདེབས།

ཟླ་ ༧ ཚེས་ ༣ ཉིན་རོའི་ཊརསི་གསར་སྤེལ་ཁང་གིས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་གསར་འགོད་ལྷན་ཚོགས་ཐོག་ཨ་རིའི་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་སྐོར་ལ་དྲི་བ་བཏང་སྐབས། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཀོའོ་ཅཱ་ཁུན་གྱིས་ལན་འདེབས་བྱས་པར། བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཁག་གིས་རང་ཉིད་ཀྱི་རྒྱལ་ནང་གི་ཁྲིམས་ལུགས་གཞིར་བཟུང་གནད་དོན་འདིར་ཐག་གཅོད་བྱེད་རྒྱུ་ཡིན་པར་རྒྱ་ནག་གཞུང་གིས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།

བཙན་བྱོལ་བོད་མིའི་གདུང་སེམས་མཉམ་སྐྱེད།

བློ་དགའ་རང་བཙན་ལགས་རང་ལུས་མེར་བསྲེགས་བཏང་བའི་ཉིན་མོ་དེ་ནས་བཟུང་ནིའུ་ཡོག་གི་འཛམ་གླིང་མཉམ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་མདུན་ཆུ་ཚོད་ ༢༤ རིང་བློ་དགའ་ལགས་ཀྱི་ཆེད་སྨོན་ལམ་གསུང་འདོན་དང་སྐད་འབོད་ཀྱི་ལས་འགུལ་སོགས་སྤེལ་བཞིན་ཡོད་ལ། འཛམ་གླིང་ས་ཕྱོགས་གང་སར་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་དོན་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་འདུག

ཁ་སྣོན་གསར་འགོད། བསྟན་འཛིན་བདེ་སྐྱིད།

བརྙན་ཐུང་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།