དམག་དོན་ནས་ཚོང་ལས་བར། བོད་འདི་རྒྱ་ནག་གི་མི་མེད་གནམ་གྲུའི་ཚོད་ལྟ་བྱ་ཡུལ་དུ་འགྱུར་བ།

བོད་ནང་མི་མེད་གནམ་གྲུའི་ཚོད་ལྟ་བྱས་པ་འདིས་བོད་མིར་ཁེ་ཕན་ལས་སྟངས་འཛིན་ཆེ་རུ་འགྲོ་སྲིད་པའི་སེམས་འཚབ་ཡོད་པ།

རྒྱ་ནག་གིས་བོད་ཀྱི་ས་བབ་མཐོ་བ་དང་། མཁའ་རླུང་མི་གདེང་བ། གནམ་གཤིས་འགྱུར་ལྡོག་ཆེ་བ་དང་རི་ཀླུང་རྙོག་འཛིང་ཆེ་བའི་གནས་སྟངས་དེ། མི་མེད་གནམ་གྲུ་དང་མི་མེད་མཁའ་འགྲུལ་སྒྲིག་ཆས་ཀྱི་ལག་རྩལ་ཚོད་ལྟ་བྱེད་སའི་གནད་འགག་གི་ས་ཁུལ་ཞིག་ཏུ་བེད་སྤྱོད་བྱ་རྒྱུར་རྒྱ་སྐྱེད་གཏོང་བཞིན་ཡོད་འདུག།

དེ་ཡང་ཟླ་ ༧ ཚེས་ ༣ ཉིན། བོད་ལྗོངས་སློབ་ཆེན་དུ་མཐོ་སྒང་མི་མེད་གནམ་གྲུའི་ཞིབ་འཇུག་དང་ཉེར་སྤྱོད་ལྟེ་གནས་ཤིག་གསར་བཙུགས་སྒོ་འབྱེད་བྱས་ཡོད་ཅིང་། བོད་ལྗོངས་སློབ་ཆེན་གྱིས་ལྟེ་གནས་དེས་མཐོ་སྒང་དུ་འཕུར་སྐྱོད་དང་། ཐིག་ཚད། རྒྱུན་སྐྱོད། གནམ་གཤིས་ངན་པར་འགོག་ནུས་སོགས་ཀྱི་ལག་རྩལ་དཀའ་གནད་སེལ་རྒྱུ་དང་། དེ་བཞིན་ཉེན་སྐྱོབ། འགྲུལ་འདྲེན། ས་ཁྲ་བཟོ་བ། ཁོར་ཡུག་ལྟ་ཞིབ་དང་མཐའ་མཚམས་སྲུང་བ་སོགས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག དེ་རྗེས་སློབ་མ་དང་དགེ་རྒན་ ༢༠ ཙམ་ཟི་ཁྲོན་གྱི་མི་མེད་གནམ་གྲུའི་བཟོ་ཚོང་ཁང་ཞིག་ཏུ་ལག་ལེན་དངོས་ཀྱི་སྦྱོང་བརྡར་བྱེད་པར་བཏང་བ་དེས། ལྟེ་གནས་དེ་ཞིབ་འཇུག་ཙམ་མིན་པར་ཐོན་ལས་དང་མི་སྣ་གསོ་སྐྱོང་ལ་ཡང་འབྲེལ་བ་ཡོད་པ་ཞིག་མངོན་ཐུབ་ཀྱི་འདུག

འདི་ནི་བོད་ནང་གི་ལས་གཞི་ཐོག་མ་འདི་མིན་པར། ཕྱི་ལོ་ ༢༠༢༥ ཟླ་ ༩ ནང་། མངའ་རིས་ས་ཁུལ་དུ་རྒྱ་མཚོའི་ངོས་ལས་མི་ཌར་ ༤༣༠༠ ཡན་གྱི་མི་མེད་མཁའ་འགྲུལ་སྒྲིག་ཆས་ཚོད་ལྟའི་རྟེན་གཞི་ཐོག་མ་ཞེས་པ་སྒོ་འབྱེད་བྱས་ཤིང་། མངའ་རིས་སྤྲིན་སྟེང་ཨང་དང་པོ་ཞེས་པའི་མི་མེད་གནམ་གྲུ་ཞིག་ཀྱང་ཚོད་ལྟའི་འཕུར་སྐྱོད་བྱས་ཡོད།

བོད་ནང་མི་མེད་གནམ་གྲུའི་ཚོད་ལྟ་བྱས་པ་འདིས་བོད་མིར་ཁེ་ཕན་ལས་སྟངས་འཛིན་ཆེ་རུ་འགྲོ་སྲིད་པའི་སེམས་འཚབ་ཡོད་པ།
དམག་དོན་ནས་ཚོང་ལས་བར། བོད་འདི་རྒྱ་ནག་གི་མི་མེད་གནམ་གྲུའི་ཚོད་ལྟ་བྱ་ཡུལ་དུ་འགྱུར་བཞིན་པ། བོད་ལྗོངས་སློབ་གྲྭ་ཆེན་མོར་མཐོ་སྒང་མི་མེད་གནམ་གྲུའི་ཞིབ་འཇུག་དང་ཉེར་སྤྱོད་ལྟེ་གནས་ཤིག་གསར་བཙུགས་བྱས་པ། (Tibet University)

དམིགས་ཡུལ་གཙོ་བོ་གང་ཡིན།

རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱས་པར་གཞིགས་ན། ལས་གཞི་དེ་དག་གི་དམིགས་ཡུལ་ནི་དཔལ་འབྱོར་གོང་འཕེལ་དང་། མཐོ་སྒང་གི་ཉེན་སྐྱོབ་དང་སྐྱེལ་འདྲེན། ས་གཤིས་ཉེན་ཁར་ལྟ་ཞིབ། ཁོར་ཡུག་སྲུང་སྐྱོབ་དང་མཐའ་ཁུལ་ལ་དངོས་ཟོག་སྐྱེལ་འདྲེན་སོགས་ཡིན་པ་བརྗོད་ཡོད་ཅིང་། བོད་ལྗོངས་སློབ་ཆེན་གྱི་ཡིག་ཆར། གཞུང་། སློབ་གྲྭ ཁེ་ལས་དང་ཞིབ་འཇུག་ལས་ཁུངས་མཉམ་ལས་ཐོག་མཐོ་སྒང་ཚོད་ལྟ་དང་ལག་རྩལ་ཚད་གཞི་བཟོ་རྒྱུ་གསལ་བཏོན་བྱས་ཡོད།

འོན་ཀྱང་ལས་གཞི་དེ་དག་གི་ས་གནས་དང་མཉམ་ཞུགས་ལས་ཁུངས། བེད་སྤྱོད་ཀྱི་ཁྱབ་ཁོངས་བཅས་ལ་བལྟས་ན། དེ་ལ་ཚོང་ལས་དང་མི་མང་ཞབས་ཞུ་ཙམ་མིན་པའི་ཞི་དྲག་གཉིས་བེད་སྤྱོད་ཀྱི་ནུས་པ་ཡོད་པ་གསལ་པོ་མངོན་ཡོད། མི་མེད་གནམ་གྲུ་ཞིག་གིས་རི་ཉིལ་བ་དང་མེ་སྐྱོན་ལ་ལྟ་ཞིབ་བྱེད་ཐུབ་པ་ལྟར། མཐའ་མཚམས་ལྟ་སྲུང་། ས་ཁྲ་ཞིབ་ཚགས་བཀོད་པ། འགྲོ་འོང་ལྟ་རྟོག་དང་དངོས་ཟོག་མྱུར་སྐྱེལ་སོགས་ལའང་བེད་སྤྱོད་ཐུབ་ཀྱི་ཡོད་པ་རེད།

བོད་དོན་ལས་འགུལ་བསྟི་གནས་ཁང་གི་འཕྲུལ་ལས་རིག་པའི་འགན་འཛིན་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་ཀྱིས། ས་མཐོ་སར་ཁ་རླུང་ཉུང་བ་ཡོད་དུས་མི་མེད་གནམ་གྲུ་འཕུར་སྐྱོད་ཐད་དཀའ་ལས་ཆེ་བ་ཡོད་པ་དང་། གནམ་གཤིས་གྲང་བ་ཡོད་དུས་འཕུར་མི་ཐུབ་པ་སོགས་ཀྱི་གནས་སྟངས་ཆགས་ཡོད་དུས། བོད་ནང་ཉམས་ཞིབ་ཁང་གཉིས་བཙུགས་དགོས་པའི་དམིགས་ཡུལ་འདི་ཡིན་སྲིད་ལ། མི་མེད་གནམ་གྲུའི་ལག་རྩལ་འདི་ད་ལྟའི་དུས་ཚོད་ལ་ཡུཀ་རན་གྱི་དམག་ནང་ལ་ཡང་བེད་སྤྱོད་མང་པོ་བཏང་ཡོད་ཅེས་གསུངས་བྱུང་།

ཡང་བོད་ལྗོངས་སློབ་ཆེན་གྱི་ལྟེ་གནས་གསར་པ་འདིའི་སྒོ་འབྱེད་ཐོག་ལ་དམག་དོན་མཁའ་འགྲུལ་དང་། ཉེན་སྐྱོབ། སྤྱི་བདེ་ལས་ཁུངས་དང་མི་མེད་སྒྲིག་ཆས་བདེ་འཇགས་ཀྱི་ལས་ཁུངས། ཆེད་ལས་མི་སྣ་སོགས་པ་མཉམ་ཞུགས་བྱས་པ་དེས། ལས་གཞི་འདི་ལ་བདེ་འཇགས་དང་མཐའ་མཚམས་སྲུང་སྐྱོབ་ཀྱི་རྒྱབ་ལྗོངས་ཡོད་པའང་མངོན་ཡོད།

༡༠༨ ཞི་བདེའི་བསྟི་གནས་ཀྱི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་ཡོན་ཏན་ལགས་ཀྱིས། རྒྱ་ནག་གི་གནམ་དམག་གི་ལག་ཆ་གལ་ཆེ་ཞིག་དང་། དེ་ཡང་རྒྱལ་སྤྱིའི་ཐོག་གནམ་དམག་གི་ལག་ཆ་གལ་ཆེ་ཤོས་ཤིག་ནི་མི་མེད་གནམ་གྲུ་འདི་ཆགས་ཡོད། རྒྱ་ནག་གིས་བཏོན་པའི་དམག་མིའི་མི་མེད་གནམ་གྲུ་འདི་བོད་ནང་བེད་སྤྱོད་མ་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། དེ་ཡང་བོད་འདི་ས་མཐོ་པོ་དང་ཁ་རླུང་ཉུང་བའི་དབང་གིས་རེད་ཅེས་གསུངས་བྱུང་།

བོད་ནང་མི་མེད་གནམ་གྲུའི་ཚོད་ལྟ་བྱས་པ་འདིས་བོད་མིར་ཁེ་ཕན་ལས་སྟངས་འཛིན་ཆེ་རུ་འགྲོ་སྲིད་པའི་སེམས་འཚབ་ཡོད་པ།
དམག་དོན་ནས་ཚོང་ལས་བར། བོད་འདི་རྒྱ་ནག་གི་མི་མེད་གནམ་གྲུའི་ཚོད་ལྟ་བྱ་ཡུལ་དུ་འགྱུར་བཞིན་པ། བོད་རང་སྐྱོང་ལྗོངས་ཀྱིས་མི་མེད་མཁའ་འགྲུལ་སྒྲིག་ཆས་བེད་སྤྱོད་བྱ་ཐབས་ཀྱི་གཏན་འབེབས་ཡིག་ཆ། (RFA Tibetan)

ཨ་རི་དང་རྒྱ་ནག་གི་ལག་རྩལ་འགྲན་རྩོད།

ཇོ་མོ་གླང་མའི་ཉེ་འཁོར་དུ་མི་མེད་གནམ་གྲུའི་སྤྱོད་སྒོ་རྒྱ་སྐྱེད་གཏོང་བཞིན་པ་དེར། ཨ་རི་དང་རྒྱ་ནག་གི་ལག་རྩལ་འགྲན་རྩོད་ཀྱི་ཆ་ཤས་ཤིག་ཏུའང་འགྱུར་བཞིན་ཡོད། བལ་ཡུལ་གྱི་ཁེ་ལས་ཤིག་གིས་ ༢༠༢༤ ལོ་ནས་རྒྱ་ནག་གི་DJI མི་མེད་གནམ་གྲུ་བེད་སྤྱད་དེ། རི་འཛེག་མཁན་གྱི་དངོས་ཟོག་སྐྱེལ་བ་དང་གད་སྙིགས་ཕྱིར་དབོར་འདྲེན་བྱས་ཡོད། ད་ཆ་ཨ་རིས་ཀྱང་རང་གི་ Freefly མི་མེད་གནམ་གྲུ་དེ་ས་ཁུལ་དེར་བེད་སྤྱོད་བྱ་ཐབས་བྱེད་བཞིན་ཡོད་པ་དང་། བལ་ཡུལ་གཞུང་གིས་བདེ་འཇགས་ཀྱི་དོགས་གཞིར་བརྟེན་ཨ་རིའི་མི་མེད་གནམ་གྲུའི་ཚོད་ལྟ་འཕུར་བར་ཐོག་མར་ཆོག་མཆན་མ་སྤྲད་པ་དེས། ས་ཁུལ་དེའི་མི་མེད་གནམ་གྲུའི་ལས་གཞིར་ཚོང་ལས་ཙམ་མིན་པའི་ས་ཁམས་ཆབ་སྲིད་ཀྱི་ཚོར་བ་རྣོན་པོ་ཡོད་པ་ཞིག་བསྟན་ཡོད།

ཡང་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འཕྲུལ་ལས་རིག་པའི་འགན་འཛིན་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་ཀྱིས། ལས་གཞི་འདི་མ་འོངས་པར་དམག་དང་འབྲེལ་བ་ཆེན་པོ་ཆགས་དུས་ཉམས་ཞིབ་བྱ་རྒྱུ་གལ་ཆེན་པོ་དང་། དེ་བས་ས་མཐོ་སར་ཉམས་ཞིབ་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་ཨ་རི་དང་རྒྱ་ནག་དབར་འགྲན་བསྡུར་ཞིག་ཆགས་པ་དང་། དེ་ཡང་ས་མཐོ་སར་མི་མེད་གནམ་གྲུ་བེད་སྤྱོད་ཀྱི་ཤུགས་རྐྱེན་དང་ཆ་རྐྱེན་སུ་ལ་ལེགས་པ་ཡོད་མེད་ཀྱི་གནས་སྟངས་དང་འབྲེལ་བ་ཆགས་ཀྱི་ཡོད་པར་ངོས་འཛིན་གནང་གི་འདུག

ཡང་༡༠༨ ཞི་བདེའི་བསྟི་གནས་ཀྱི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་ཡོན་ཏན་ལགས་ཀྱིས། བོད་ནང་གཙོ་བོ་འདི་དམག་དོན་དང་དམངས་སྤྱོད་ཀྱི་ཚོང་ལས་ཐོག་བེད་སྤྱོད་གཏོང་རྒྱུ་ཡིན་པར་ངོས་འཛིན་གནང་གི་འདུག

བོད་ནང་མི་མེད་གནམ་གྲུའི་ཚོད་ལྟ་བྱས་པ་འདིས་བོད་མིར་ཁེ་ཕན་ལས་སྟངས་འཛིན་ཆེ་རུ་འགྲོ་སྲིད་པའི་སེམས་འཚབ་ཡོད་པ།
དམག་དོན་ནས་ཚོང་ལས་བར། བོད་འདི་རྒྱ་ནག་གི་མི་མེད་གནམ་གྲུའི་ཚོད་ལྟ་བྱ་ཡུལ་དུ་འགྱུར་བཞིན་པ། རྒྱ་ནག་གི་མི་མེད་གནམ་གྲུ། (Tyrone Siu/REUTERS)

གཞུང་གི་གནམ་གྲུ་རྒྱ་སྐྱེད། མི་སྒེར་གྱི་བེད་སྤྱོད་ལ་དམ་དྲག

རྒྱ་ནག་གཞུང་གིས་བོད་དུ་མི་མེད་གནམ་གྲུའི་ཞིབ་འཇུག་དང་ཚོད་ལྟ། ཚོང་ལས་དང་མཐའ་སྲུང་ཉེར་སྤྱོད་རྒྱ་སྐྱེད་གཏོང་བཞིན་པ་དང་དུས་མཚུངས། མི་སྒེར་དང་ཡུལ་སྐོར་བས་མི་མེད་གནམ་གྲུ་བེད་སྤྱོད་བྱེད་པར་དམ་དྲག་ཆེ་རུ་བཏང་ཡོད།

ཉེ་བའི་ལོ་ཤས་ནང་བོད་ཀྱི་འབྲོག་པའི་ས་ཁུལ་དུ་ཕྱུགས་ཟོག་འཚོ་མཁན་གྱིས་མི་མེད་གནམ་གྲུ་གཏོང་བའི་བྱ་ཐབས་ཤིག་སྤྱོད་བཞིན་ཡོད་པ་དང་། རྒྱ་མི་བོད་ནང་ཡུལ་སྐོར་དུ་སྐྱོད་མཁན་མང་པོས་མི་མེད་གནམ་གྲུ་བེད་སྤྱོད་ཀྱིས་པར་ལེན་བྱེད་ཀྱི་ཡོད།

བོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་བསྒྱུར་བཅོས་ལྷན་ཁང་སོགས་ཀྱིས། ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༩ ཉིན་《བོད་རང་སྐྱོང་ལྗོངས་ཀྱི་མི་མེད་མཁའ་འགྲུལ་ཡོ་ཆས་ཀྱི་སྤྱི་བདེ་དོ་དམ་བྱ་ཐབས་ཚོད་ལྟའི་ལག་བསྟར།》ཞེས་པ་འགྲེམས་སྤེལ་བྱས་ཡོད། ཡིག་ཆ་དེས་མི་མེད་གནམ་གྲུའི་ཐོ་འགོད་དང་། འཕུར་སྐྱོད་སྙན་སེང་། བདེ་འཇགས་དོ་དམ་དང་འགན་འཁྲི་བཅས་ལ་སྒྲིག་ཁྲིམས་བཟོས་ཡོད།

དྲ་ལམ་ཐོག་བོད་ལ་ཡུལ་སྐོར་དུ་སྐྱོད་མཁན་རྒྱ་མི་ཁག་གིས། ས་ཁུལ་མང་པོར་མི་མེད་གནམ་གྲུ་འཕུར་མི་ཆོག་པ་དང་། འཕུར་སྐྱོད་གོང་དུ་སྤྱི་བདེ་ལས་ཁུངས་སོགས་ལ་སྙན་སེང་དང་ཆོག་མཆན་ཞུ་དགོས་པ། ས་གནས་ཁ་ཤས་སུ་སྒྲིག་ཆས་བཀག་ཉར་རམ་གནམ་གྲུ་ཕྱིར་འཁྱེར་དུ་འཇུག་པ་སོགས་བྱུང་ཡོད་པ་བརྗོད་འདུག

དེས་ཕྱོགས་གཉིས་ཀྱི་བར་ཁྱད་བསྡུར་བ་གསལ་པོ་བསྟན་ཡོད། གཞུང་གིས་རང་གི་དམིགས་ཡུལ་ལྟར་བོད་ཀྱི་མཁའ་དབྱིངས་དེ་ཞིབ་འཇུག་དང་། ཐོན་ལས། ལྟ་ཞིབ་དང་མཐའ་སྲུང་ལ་བེད་སྤྱོད་བྱེད་བཞིན་པ་དང་། མི་སྒེར་གྱིས་ས་ཁུལ་དེ་གའི་གནས་སྟངས་པར་ལེན་དང་ཡིག་ཐོག་ཏུ་འགོད་པར་དམ་དྲག་ཆེན་པོ་བྱེད་བཞིན་ཡོད།

བོད་ནང་མི་མེད་གནམ་གྲུའི་ཚོད་ལྟ་བྱས་པ་འདིས་བོད་མིར་ཁེ་ཕན་ལས་སྟངས་འཛིན་ཆེ་རུ་འགྲོ་སྲིད་པའི་སེམས་འཚབ་ཡོད་པ།
དམག་དོན་ནས་ཚོང་ལས་བར། བོད་འདི་རྒྱ་ནག་གི་མི་མེད་གནམ་གྲུའི་ཚོད་ལྟ་བྱ་ཡུལ་དུ་འགྱུར་བཞིན་པ། རྒྱ་ནག་གི་མི་མེད་གནམ་གྲུ། (Christinne Muschi/REUTERS)

བོད་དང་བོད་མིར་ཕན་གནོད་ཇི་ཡོད།

མི་མེད་གནམ་གྲུའི་ལག་རྩལ་གྱིས་བོད་ལ་ཕན་ཐོགས་ཡོད་མེད་ཐད་མཚོན་ན། ས་ཡོམ་དང་རི་ཉིལ་བ། ནགས་ཚལ་གྱི་མེ་སྐྱོན་དང་ཁ་བའི་ཉེན་ཁ་བྱུང་སྐབས། མིས་སླེབས་མི་ཐུབ་པའི་ས་ཁུལ་ལ་མྱུར་དུ་ལྟ་ཞིབ་དང་སྨན། ཟས་རིགས་སྐྱེལ་ཐུབ་ལ། ཐག་རིང་ས་ཁུལ་དུ་གཞུང་ལམ་དང་གློག་སྐུད། ཆུ་རགས་དང་ཁོར་ཡུག་ལྟ་ཞིབ་ལའང་ཕན་ཐོགས་ཡོང་རྒྱུ་ཡིན་པར་བརྗོད་ཀྱི་ཡོད་པ་རེད།

འོན་ཀྱང་ལག་རྩལ་དེ་གཞུང་གི་སྤྱི་བདེ་དང་མཐའ་མཚམས་སྲུང་སྐྱོབ་ལས་ཁུངས་སོགས་ཀྱི་ཚན་པ་ཁག་གི་ལག་ཏུ་ཡོད་པས། བོད་མིའི་འགྲོ་འོང་དང་། འདུ་འཛོམས། དགོན་སྡེ་དང་གནས་རིའི་མཐའ་འཁོར། འབྲོག་ཁུལ་དང་མཐའ་མཚམས་སུ་ལྟ་རྟོག་དེ་བས་དམ་དུ་གཏོང་བའི་ཉེན་ཁ་ཡང་ཆགས་བཞིན་ཡོད།

བློ་བཟང་རྒྱ་མཚོ་སྲི་ཐར་ལགས་ཀྱིས་གསུངས་པར། སྟངས་འཛིན་བྱེད་ཕྱོགས་ཐད་འཕྲུལ་ཆས་གསར་པ་ཞིག་ཆགས་རྒྱུ་དང་། ད་ལྟ་ཡིན་ན། ལག་ཐོགས་ཁ་པར་ལ་སྟངས་འཛིན་དང་། བརྙན་དང་ཁྲོམ་གཞུང་ཐོག་གི་པར་ཆས་སོགས་མང་པོ་ཞིག་ཡོད་པའི་ཐོག་མི་མེད་གནམ་གྲུ་འདི་འཕྲུལ་ཆས་གསར་པ་ཞིག་ཡིན་པ་གསུངས་བྱུང་།

མི་མེད་གནམ་གྲུས་པར་རིས་ཙམ་མིན་པར། ས་གནས་ཀྱི་གྲངས་གཞི་དང་། འགྲོ་འོང་གི་རྣམ་པ། ས་ཆ་དང་ཐོན་ཁུངས་ཀྱི་གནས་ཚུལ་འཚོལ་བསྡུ་ཐུབ་པས། གྲངས་གཞི་དེ་དག་སུས་ཉར་ཚགས་དང་གང་ལ་བེད་སྤྱོད་བྱེད་མིན་གསལ་པོ་མེད་པ་ནི་སྒེར་གྱི་དབང་ཆ་དང་བདེ་འཇགས་ཀྱི་དྲི་བ་ཞིག་ཆགས་ཡོད།

དེ་བཞིན་ལས་གཞི་དེ་དག་བོད་ཀྱི་ས་ཆ་དང་རང་བྱུང་ཁོར་ཡུག་བེད་སྤྱད་དེ་སྤེལ་བཞིན་ཡོད་ནའང་། ས་གནས་བོད་མི་ཚོར་ཐག་གཅོད་དང་ཁོར་ཡུག་དཔྱད་ཞིབ། གྲངས་གཞིའི་བདག་དབང་དང་ཁེ་ཕན་བགོས་འགྲེམས་སོགས་ཀྱི་ནང་ཁེ་ཕན་ཇི་ཙམ་ཡོད་མེད་ཁ་གསལ་གང་ཡང་མེད་ལ། ཐ་ན་ཚོང་ལས་ཀྱི་ཁེ་ཕན་ཡང་ས་གནས་བོད་མིར་མེད་པ་ཡང་བརྗོད་མཁན་འདུག

དོགས་དྲི་ཁ་ཤས་མཉམ་དུ་གནས་པ།

བོད་ནང་གི་མི་མེད་གནམ་གྲུའི་ལས་གཞི་དེ་དག་ནི། སློབ་ཆེན་ཞིག་གི་ཞིབ་འཇུག་ལས་གཞི་ཙམ་མིན་པར། རྒྱ་ནག་གི་དཔལ་འབྱོར་དང་། མཐའ་མཚམས་སྲུང་བ། སྤྱི་བདེ་ཚན་པ། དམག་དོན་ལག་རྩལ་དང་རྒྱལ་སྤྱིའི་འགྲན་རྩོད་བཅས་མཉམ་འདྲེས་བྱེད་པའི་ཐབས་ཇུས་ཆེན་པོ་ཞིག་གི་ཆ་ཤས་སུ་མངོན་བཞིན་ཡོད།

ལག་རྩལ་དེས་ཉེན་སྐྱོབ་དང་འགྲུལ་འདྲེན་ལ་ཕན་ཐོགས་ཡོད་ཀྱང་། བོད་མིར་ལྟ་རྟོག་དང་ཚོད་འཛིན་དེ་བས་ཤུགས་ཆེ་རུ་གཏོང་མིན་དང་། ས་གནས་མི་མང་ལ་ཁེ་ཕན་དང་ཐག་གཅོད་ཀྱི་དབང་ཆ་ཙམ་ཞིག་ཡོད་མེད་ནི། ལས་གཞི་འདིར་དཔྱད་ཞིབ་བྱེད་སྐབས་ཀྱི་དྲི་བ་གཙོ་བོ་ཞིག་ཆགས་ཡོད།།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།