བོད་མི་གཞོན་སྐྱེས་ཤིག་གིས་ཨ་རིའི་རྒྱལ་སར་འཕྲེད་དར་ཕྱར་ཏེ་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་གྲོས་ཚོགས་ཉེ་འཁྲིས་སུ་བོད་མི་ཨ་རི་བ་གཞོན་སྐྱེས་ལོ་ན་ ༢༠ ཡིན་པ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཕྱི་ཟླ་ ༩ ཚེས་ ༢༢ ཉིན་སྔ་དྲོ་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་གྱི་རིང་གློག་གི་ལྕགས་ཧྲེང་སྟེང་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་འཕྲེད་དར་ཕྱར་ཏེ་ལས་འགུལ་སྤེལ་བར་སྔ་དྲོ་ཕྱག་ཚོད་ ༡༠།༣༠ ཐོག་འཛིན་བཟུང་དོ་དམ་བྱས་ཡོད་ཅིང་། བོད་མི་ལས་འགུལ་བ་དེས་ “གཅིག་བཏུས་དབང་འཛིན་པ་ཞི་ཁྱེད་ཀྱི་མངའ་དབང་འདི་མར་ལྷུང་གི་རེད། བོད་ལ་རང་དབང་སྤྲོད་དགོས།” “Dictator Xi, Your Empire Will Fall, Free Tibet,” འཁོད་པའི་འཕྲེད་དར་ཕྱར་ཡོད་པ་རེད། བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ད་དུང་ཆུ་ཚོད་གཉིས་ལྷག་ཙམ་གྱི་ལས་འགུལ་སྤེལ་བའི་རིང་བོད་ཀྱི་རྒྱལ་དར་ཕྱར་ཞིང་བོད་ལ་རང་དབང་སྤྲོད་དགོས་ཞེས་སོགས་འབོད་ཚིག་བསྒྲགས་ཡོད་པ་རེད།
སྐབས་དེར་ཉེན་རྟོག་པའི་མོ་ཊ་ ༡༠ ཙམ་སླེབས་ཏེ་འཕྲེད་དར་དེ་མར་ཕབ་ཅིང་། བོད་མི་ལས་འགུལ་བ་དོ་དམ་བྱས་ཡོད་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་སྨིན་ལེགས་ལགས་ཀྱིས་གསུངས་དོན་དུ། སློབ་ཕྲུག་ལས་འགུལ་བ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་དེ་རིང་ལས་འགུལ་འདི་བརྒྱུད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་འགྲོ་བ་མིའི་རིགས་ཀྱི་སྟེང་ལ་ནག་ཉེས་བསག་པ་རྣམས་ཕྱི་འབྲེལ་གྱི་འབྲེལ་ལམ་ཁྲོད་ཆེ་མཐོང་གི་རྣམ་པའི་འོག་སྦས་སྐུང་བྱེད་མི་ཐུབ་པའི་ཆེད་གསལ་སྟོན་བྱས་པ་ཞིག་རེད་ཅེས་དང་། བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་སྙིང་སྟོབས་ལྡན་པའི་ལས་འགུལ་དེས་ང་ཚོའི་ལས་འགུལ་རྫོགས་མཚམས་མེད་པར་སྤེལ་རྒྱུའི་ཆོད་སེམས་ཀྱི་རྣམ་པ་གསལ་པོར་བསྟན་པ་རེད་ཅེས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་གསུངས་འདུག
སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་ཚེ་ལྷ་རྫོགས་བཟང་ལགས་ཀྱིས། བོད་མི་ལས་འགུལ་བས་བོད་ཀྱི་རྒྱལ་དར་ཕྱར་བ་འདི་བོད་ནང་ཕྱར་བ་ཡིན་ན་བཙོན་དུ་ཚུད་རྒྱུ་དང་། ཉེས་ཆད་ལྕི་བོ་འགེལ་རྒྱུ་གཏན་འཁེལ་ཡིན་པའི་བྱ་འགུལ་ཞིག་ཆགས་ཡོད་པ་རེད་ཅེས་དང་། ལས་འགུལ་འདི་རིགས་ནི་བོད་མི་གཞོན་སྐྱེས་ཚོར་གལ་གནད་ཆེན་པོ་དང་ང་ཚོས་ཉུང་མཐར་བྱེད་ཐུབ་པའི་ལས་འགུལ་ཞིག་རེད་ཅེས་ཨེ་པི་གསར་སྤེལ་ཁང་ལ་འགྲེལ་བརྗོད་གནང་འདུག
ལས་རིམ་སྔོན་སྒྲིག་ལྟར་ན། བོད་མི་གཙོ་བོར་གྱུར་བའི་རྒྱ་རིགས་དང་། ཡུ་གུར་མི་རིགས། ཧོང་ཀོང་། སོག་པོ་སོགས་རྒྱ་ནག་གི་དབང་འཛིན་འོག་གདུག་རྩུབ་མྱངས་དང་མྱོང་བཞིན་པའི་མི་རིགས་ཀྱི་སྐུ་ཚབ་དང་ལྷག་པར་བོད་མིའི་ཕྱོགས་ནས་ཨ་རིའི་ས་ཕྱོགས་གང་ས་དང་ཁེ་ན་ཌ་སོགས་ནས་བོད་མི་ངོ་རྒོལ་བ་འདིར་འདུ་འཛོམས་བྱེད་ཀྱི་ཡོད་ཅིང་། ཕྱི་ཚེས་ ༢༤ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབར་མཇལ་མོལ་སྐབས་སུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ནས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་བར་རྔམ་སྟོན་ཁྲོམ་སྐོར་གནང་རྒྱུ་རེད་འདུག
བརྙན་ཐུང་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
འབྲེལ་ཡོད་གནས་ཚུལ།
སྲིད་འཛིན་ཊམཔ་དང་ཞི་ཅིན་ཕིང་གི་མཇལ་མོལ་སྐབས་བོད་ཀྱི་གནད་དོན་གླེང་པའི་རེ་སྐུལ་གནང་པ།
༧པཎ་ཆེན་རིན་པོ་ཆེ་གློད་དགོས་ཞེས་ཞིའི་ཕྱོཊ་སྐྱོད་གོང་ཨ་རིས་དགོས་འདུན་བཏོན་པ།
