བཞུགས་སྒར་དུ་༧པཎ་ཆེན་རིན་པོ་ཆེའི་གནས་སྟངས་སྐོར་དྲིལ་བསྒྲཊ་ཀྱི་ལས་འགུལ་སྤེལ་འདུག

བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་ལས་འགུལ་སྣ་མང་སྤེལ་བ་བརྒྱུད། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།

བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་ལས་འགུལ་སྣ་མང་སྤེལ་བ་བརྒྱུད། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།

དེ་ཡང་རྡ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་ལགས་ཀྱིས། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་སུ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་བཏང་བའི་གནད་དོན་སྐོར་གོ་རྟོགས་བསྟུད་མར་སྤེལ་བཞིན་ཡོད་ཀྱང་། ཐེངས་འདིར་ཁོང་རྣམས་ཀྱིས་གཙོ་བོ་དབྱིན་ཡིག་དང་ཧིན་དྷི་སྐད་ཡིག་ཐོག་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་རྒྱ་ནག་གཞུང་གིས་ཁོང་གར་སོང་ཆ་མེད་དུ་བཏང་བའི་གནད་དོན་འཁོད་པའི་ཡིག་ཆ་ཁག་རྡ་སའི་རྒྱ་གར་ཡུལ་མི་དང་འདིར་འབྱོར་བའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་ཉིན་གང་བོར་གོ་རྟོགས་སྤེལ་ཡོད་པ་གསུངས་བྱུང་།

དོན་གྲུབ་ལགས་ཀྱིས་མུ་མཐུད་གསུངས་དོན་དུ། འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་ཏེ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཁོང་ཆགས་ཀྱི་ཡོད་པས། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེས་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གང་མྱུར་གློད་བཀྲོལ་དགོས་པའི་བརྡ་ལན་སྤྲོད་རྒྱུ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བོད་ཕྲུག་ཚོས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ལ་རྗེས་དྲན་ཞུ་ས་པ།  ༢༠༢༦།༤།༢༥
བོད་ཕྲུག་ཚོས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ལ་རྗེས་དྲན་ཞུ་ས་པ། བོད་ཕྲུག་ཚོས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ལ་རྗེས་དྲན་ཞུ་ས་པ། ༢༠༢༦།༤།༢༥ (RFA Tibetan)

ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་པཎ་ཆེན་སྐུ་ཕྲེང་བཅུ་པའི་མཛད་རྣམ་བརྙན་ཐུང་ཞིག་མང་ཚོགས་ལ་གཟིགས་འབུལ་གྱིས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་སྒྲོལ་མ་ལགས་ཀྱིས། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཙོ་བོར་གྱུར་བའི་བོད་སྤྱི་ལ་ཕན་པའི་མཛད་པ་རླབས་ཆེན་བསྐྱངས་གནང་མཛད་ཡོད་པས། ཐེངས་འདིར་ཁོང་གི་མཛད་རྣམ་དང་སྐད་ཡིག་ཐོག་ལ་རྩ་ཆེའི་བཀའ་སློབ་གནང་པ་ཁག་ཕྱོགས་བསྒྲིགས་ཀྱིས་མང་ཚོགས་ལ་གཟིགས་འབུལ་ཞུས་ཏེ། བོད་མི་ཡོངས་ལ་བོད་ཀྱི་སྐད་ཡིག་གཅེས་འཛིན་དགོས་པའི་སྐུལ་འདེད་གནང་གི་ཡོད་ཅེས་གསུངས་བྱུང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ཟླ་ ༤ ཚེས་ ༢༤ ཉིན་ཟླ་བ་གཅིག་མ་ཟིན་ཙམ་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་མཇུག་སྒྲིལ་གནང་པ་དང་འབྲེལ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། རྒྱ་གར་གྱི་སྲིད་བློན་མོ་དྷིའི་ལས་ཁུངས་གཉིས་སུ་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པ་སོགས་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་དགོས་འདུན་དོན་ཚན་བཞི་ཅན་གྱི་ཞུ་སྙན་ཞིག་ཕུལ་ཡོད་པ་རེད།

ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འོས་སྤྲུལ་ས་བོན་དུ་མའི་ནང་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་བའི་གསལ་བསྒྲགས་མཛད་ཡོད་པ་དང་། ངོས་འཛིན་གསལ་བསྒྲགས་མཛད་རྗེས་ཉིན་གསུམ་པ་སྟེ། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་། ཡབ་ཡུམ་དང་ནང་མི། བྱ་བྲལ་རིན་པོ་ཆེ་བཅས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཏེ་ད་ཆ་བགྲང་བྱ་ ༣༡ འཁོད་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།