ལ་དྭགས་དང་གདན་ས་བཀྲ་ཤིས་ལྷུན་པོའི་ལོ་ངོ་མང་པོའི་འབྲེལ་བར་རྗེས་དྲན་ཞུས།

ལ་དྭགས་དང་གདན་ས་བཀྲ་ཤིས་ལྷུན་པོའི་ལོ་ངོ་མང་པོའི་འབྲེལ་བ་རྗེས་དྲན་ཞུས་ཏེ་༧ཀུན་གཟིཊ་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

ལ་དྭགས་དང་གདན་ས་བཀྲ་ཤིས་ལྷུན་པོའི་ལོ་ངོ་མང་པོའི་འབྲེལ་བར་རྗེས་དྲན་ཞུས་ཏེ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་ལ། ལམ་སྒྲོན་སློབ་གྲྭར་སྐད་ཡིག་གི་འགྲན་བསྡུར་ལས་རིམ་ཞིག་གོ་སྒྲིག་གནང་འདུག

མགོ་ནག་ཡོངས་ཀྱི་ཟེར་བ་བོ། དེ་ཡང་དབུས་གཙང་ཟེར་བ་ཐག་རིང་ཞིག་ཡོད་ཟེར། རང་སེམས་ལག་མོ་ཆོས་ལ་སོང་ཟེར་ན། དེ་ཡང་དབུས་གཙང་ཟེར་བ་ཉེ་པོ་ཞིག་འདུག་ཅེས་བོད་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་སྐབས་ལ་དྭགས་ནས་བོད་དུ་བོད་ཡིག་དང་ནང་ཆོས་སྦྱོང་ཆེད་དགེ་འདུན་པ་མང་པོ་བོད་ལ་ཕེབས་ཀྱི་ཡོད་པའི་སྐབས། གཙང་བཀྲིས་ལྷུན་པོ་དེ་བཞིན་ལ་དྭགས་དང་རྒྱང་ཐང་ཉེ་པོ་འཁེལ་གྱི་ཡོད་པའི་རྒྱུ་མཚན་གྱིས། ལ་དྭགས་དང་བོད་དབུས་གཙང་གཉིས་ཀྱི་འབྲེལ་བ་དམིགས་བསལ་ཡོད་པའི་ལ་དྭགས་ཀྱི་གཞུང་གླུ་ཞིག་ཡིན་པ་རེད། དེ་དུས་དགེ་འདུན་པ་རྣམས་དཀའ་ཆེན་དང་ཨ་ལག་བཞེངས་ནས་ལ་དྭགས་སུ་ཕྱིར་ལོགས་ཏེ་ཕེབས་དུས་དགོན་པ་ཀུན་ལ་བོད་ནས་སྦྱིན་རླབས་ཅན་གྱི་སྐུ་གསུང་ཐུགས་རྟེན། ཐང་ཀ་དང་། ཕྱག་རྫས་གང་འདྲ་ཞིག་ཡིན་ནའང་བོད་ནས་བསྣམས་ཏེ་ཕེབས་ཀྱི་ཡོད་པ་ནི་དེང་སང་ལ་དྭགས་ཀྱི་དགོན་པ་མང་ཆེ་བ་ནང་གི་ཕྱི་ལ་ངོམས་སྲོལ་ཡོད་པའི་སྐོར་ལ་དྭགས་ནུབ་རའི་ལྗོངས་སུ་ཆགས་པའི་བདེ་སྐྱིད་དགོན་ནས་དགེ་བཤེས་བློ་བཟང་ཐར་འདོད་ལགས་ཀྱིས་བཀྲིས་བླུན་པོ་དང་ལ་དྭགས་དབར་གྱི་འབྲེལ་བ་དམིགས་བསལ་ཞིག་ཡོད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཕྱི་ཟླ་ ༤ ཚེས་ ༢༥ དེ་བཞིན་༧ཀུན་གཟིགས་༧པན་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༧སྐུའི་འཁྲུངས་སྐར་ཉིན་མོར་ལོ་ལྟར་བཞིན་ཕྱི་ལོ་ ༢༠༢༦ ལོར་ལ་དྭགས་ལམ་སྒྲོན་སློབ་གྲྭ་རུ་ལ་དྭགས་༧པཎ་ཆེན་ཤེས་རིག་ཐེབས་རྩ་ཚོགས་པས་གོ་སྒྲིག་འོག་ལ་དྭགས་ཀྱི་སློབ་གྲྭ་འདྲ་མིན་ ༨ ཀྱི་སློབ་ཕྲུག་དང་སྐུ་ཚབ་ནང་ཁུལ་དུ་རིག་གཞུང་དང་འབྲེལ་བའི་དྲི་རྩོད་འགྲན་བསྡུར་ཞིག་ཚོགས་ཡོད་པ་རེད། འདི་ནི་༧ཀུན་གཟིགས་༧པཎ་ཆེན་སྐུ་ཐོག་གོང་མས་བོད་ཀྱི་སྐད་དང་རིག་གཞུང་ལ་ཐུགས་སྣང་ཆེན་པོ་གནང་གི་ཡོད་པའི་བཀྲིན་རྗེས་དྲན་ཞུ་ཕྱིར་ལ་དྭགས་སུ་གོ་སྒྲིག་ཞུས་པ་ཞིག་ཡིན་པ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དཀའ་ཆེན་ཀུན་དགའ་རི་མོ་ལགས་ཀྱིས་གསུངས་བྱུང་། དེ་དང་མཉམ་ལ་དྭགས་ཀྱི་མི་མང་དང་སློབ་གྲྭའི་སློབ་ཕྲུག་ཀུན་ལ་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་ཐོག་གོ་རྟོགས་སྤེལ་ཡོད་པའི་སྐོར་ངོ་སྤྲོད་གནང་བྱུང་། ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དེ་བཞིན་ལ་དྭགས་ས་གནས་སུ་༧པཎ་ཆེན་ཤེས་རིག་ཐེབས་རྩ་དང་། དེ་བཞིན་ལ་དྭགས་ནུབ་ར་བདེ་སྐྱིད་དགོན་དང་ལ་དྭགས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཀྱང་བརྩི་སྲུང་ཞུས་ཡོད་པ་རེད།།