༢༠༢༦ འོས་བསྡུའི་ལས་རིམ་བརྒྱུད་རྒྱ་ནག་ལ་བརྡ་ལན་ཞིག་འགྲོ་བའི་རེ་བ་ཡོད་སྐོར་གསུངས་པ།

བལ་ཡུལ་མཆོད་འཇོར་གྱི་གནས་དོན་ཐད་མ་འོངས་ཕྱི་གསལ་ནང་གསལ་བཟོ་དགོས་འཁེལ་ན་ལན་འདེབས་གསལ་བཤད་གནང་རྒྱུ་ཡིན་སྐོར་དབུས་འོས་བསྡུའི་འགན་འཛིན་གྱིས་གསུངས་བྱུང་།

རྒྱལ་ཁབ་ ༢༧ ནང་འོས་བསྡུ་གནང་གི་ཡོད་ཅིང་། འདི་བརྒྱུད་རྒྱ་ནག་གཞུང་གིས་ཉེ་ལམ་བཙན་བྱོལ་བོད་མིའི་འོས་བསྡུའི་ཐད་སྐྱོན་བརྗོད་བྱས་པར་བརྡ་ལན་ཞིག་འགྲོ་ཐུབ་པའི་རེ་བ་ཡོད་སྐོར་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་གྱིས་གསུངས་བྱུང་།

ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༦ ཉིན་རྒྱལ་ཁབ་ཁག་ ༢༧ ནང་བཙན་བྱོལ་བོད་མི་རང་ལོ་བཅོ་བརྒྱད་ཡན་གྱིས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ནང་ཉིན་རྒྱ་དུས་གཅིག་ལ་མཉམ་ཞུགས་ཀྱིས་མང་གཙོའི་ཁེ་དབང་ལ་ལོངས་སུ་སྤྱོད་ཀྱི་ཡོད་ཅིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས། ཉེ་ལམ་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་འགྲོ་ལུགས་ལ་སྐྱོན་བརྗོད་བྱས་པའི་གནས་ཚུལ་བྱུང་པའི་ཐད་ལན་འདེབས་གནང་ཞིང་། ཁོང་གིས་དེ་ནི་རྒྱ་ནག་གཞུང་གིས་འཁྱོག་བཤད་བྱས་པར་ངོས་འཛིན་གྱིས་བོད་མི་ཚོས་བོད་མིའི་སྒྲིག་འཛུགས་ལ་བློ་གཏད་ལྷག་བསམ་མེད་པ་དང་རྒྱལ་ཞེན་མེད་པ་རྩ་ནས་མིན་པར་བརྟེན། ཐེངས་འདིར་བོད་མི་གང་མང་གིས་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ནང་མཉམ་ཞུགས་གང་ལེགས་གནང་ཐོག་རྒྱ་ནག་ལ་བརྡ་ལན་གསལ་པོ་སྤྲོད་ཐུབ་པའི་རེ་བ་གནང་གི་ཡོད་སྐོར་གསུང་གི་འདུག

རྡ་རམ་ས་ལའི་མི་མང་རྣམས་འོས་བསྡུའི་ཆེད་ངང་སྒུག་གནང་བཞིན་པ། ༢༠༢༦།༤།༢༦
རྡ་རམ་ས་ལའི་མི་མང་རྣམས་འོས་བསྡུའི་ཆེད་ངང་སྒུག་གནང་བཞིན་པ། ༢༠༢༦།༤།༢༦ རྡ་རམ་ས་ལར་མི་མང་རྣམས་ཀྱིས་འོས་བསྡུའི་ནང་མཉམ་ཞུགས་གནང་ཆེད་ངང་སྒུག་གནང་བཞིན་པ། ༢༠༢༦།༤།༢༦ (RFA Tibetan)

ཕྱོགས་མཚུངས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས། བལ་ཡུལ་མཆོད་འཇོར་ས་གནས་སུ་སྔོན་འགྲོའི་འོས་བསྡུའི་སྐབས་འོས་བསྡུ་གནང་པའི་སྐབས་སྒྲིག་གཞི་དང་འགལ་འཛོལ་བྱུང་བར་ངོས་འཛིན་གྱིས་དབུས་འོས་ལས་ཁུངས་ཀྱིས་ཕྱི་ཚེས་ ༢༣ ཉིན་བལ་ཡུལ་མཆོད་འཇོར་ས་གནས་མང་ཚོགས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་བྱས་པའི་གནད་དོན་དང་འབྲེལ། ད་ལྟ་ལན་འདེབས་གནང་རྒྱུ་མིན་པར་མ་འོངས་དགོས་གལ་བྱུང་མཚམས་ལན་འདེབས་གནང་རྒྱུ་ཡིན་པ་གསུངས་བྱུང་། བློ་བཟང་ཡེ་ཤེ་ལགས་ཀྱིས་གསུངས་དོན་དུ། དབུས་འོས་བསྡུ་ལས་ཁང་ལ་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ཐོག་ནས་འགན་དབང་ག་རེ་བཀུར་ཡོད་རེད་ཟེར་ན། བཙན་བྱོལ་སྤྱི་ཚོགས་ནང་འོས་བསྡུ་དེ་རང་དབང་དང་ཁྲིམས་མཐུན། དྲང་པོའི་ལམ་ནས་ལག་བསྟར་ཐུབ་རྒྱུར་འགན་འཁུར་ཞུ་དགོས་པས། ད་བར་དེ་ལྟར་འཐུས་ཤོར་མེད་པར་བྱས་ཡོད་ཅེས་དང་། འོས་བསྡུ་འགྲོ་མུས་ཡིན་པ་ལྟར་གནད་དོན་དེའི་ཐོག་གང་ཡང་ཞུ་རྒྱུ་མེད་ལ། གཙོ་བོ་འོས་བསྡུའི་ལས་རིམ་དེ་གཞི་འཇམ་དང་ཚགས་ཚུད་ངང་འགྲོ་དགོས་ཀྱི་ཡོད་པས་འོས་བསྡུ་ལ་དོ་ཕོག་མི་འགྲོ་བའི་ཆེད་ཕྱིར་བསྒྲགས་དམིགས་བསལ་མི་དགོས་པར་མཐོང་གི་ཡོད་པས། གལ་ཏེ་མ་འོངས་པར་གནད་དོན་འདིའི་ཐད་ཕྱི་གསལ་ནང་གསལ་བཟོ་དགོས་པ་ཆགས་ཚེ་སྐབས་དེར་བཀའ་ལན་ཞིབ་ཕྲ་གནང་རྒྱུ་ཡིན་ཞེས་གསུངས་བྱུང་།

བོད་མི་འོས་འཕེན་པ་རྒན་རྒོན་ཁག་ཅིག་གིས། ཐེངས་འདིའི་སྤྱི་འཐུས་ཀྱི་འོས་མི་གསར་པ་རྣམས་ཀྱིས་བོད་དོན་ཐད་ཕྱག་ལས་ཧུར་ཐག་དང་ལྷག་བསམ་རྣམ་དག་གནང་རྒྱུའི་རེ་བ་གནང་གི་འདུག

འོས་འཕེན་པའི་ཆ་རྐྱེན་ལ་ཞིབ་བཤེར་གནང་བཞིན་པ།  ༢༠༢༦།༤།༢༦
འོས་འཕེན་པའི་ཆ་རྐྱེན་ལ་ཞིབ་བཤེར་གནང་བཞིན་པ། ༢༠༢༦།༤།༢༦ འོས་འཕེན་པའི་ཆ་རྐྱེན་ལ་ཞིབ་བཤེར་གནང་བཞིན་པ། ༢༠༢༦།༤།༢༦ (RFA Tibetan)

དེ་ཡང་རང་ལོ་ ༨༧ ཡིན་པའི་ཀརྨ་གྲགས་པ་ལགས་ཀྱིས། ཐེངས་འདིའི་སྤྱི་འཐུས་འོས་མི་གསར་པ་རྣམས་ཀྱིས་བོད་གཞིས་བྱེས་གཉིས་མཉམ་འཛོམས་ཐུབ་པ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་བཞེད་དགོངས་འགྲུབ་ཐུབ་པ་སོགས་བཀྲ་ཤིས་ལོ་ལེགས་ཡོང་བའི་སྨོན་ལམ་བཏབ་ཡིན་ཞེས་གསུང་གི་འདུག་ལ། རང་ལོ་ ༧༥ ཡིན་པ་གཡུང་དྲུང་ཚེ་རིང་ལགས་ཀྱིས། སྤྱི་འཐུས་གསར་པ་རྣམས་ཡར་ཕེབས་ནས་ཕྱག་ལས་ལམ་ལྷོང་ལྡན་པ་ཡོང་བའི་རེ་བ་གནང་གི་ཡོད་སྐོར་གསུངས་བྱུང་།

ཡང་རང་ལོ་ ༨༦ ཡིན་པ་བློ་བཟང་དབང་ཕྱུག་ལགས་ཀྱིས། བོད་རང་བཙན་བསྐྱར་གསོའི་ཐད་སེམས་ཤུགས་ཡོད་མཁན་དེ་འདྲ་ཕེབས་ཐུབ་རྒྱུ་དང་ཕྱོགས་རིས་མེད་ཅིང་དྲང་ཚུགས་ལྡན་པའི་འཐུས་མི་ཞིག་ཕེབས་པའི་རེ་བ་གནང་གི་ཡོད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་ལ་གསོལ་རས་བསྩལ་བའི་མང་གཙོའི་ཁེ་དབང་ལ་བོད་མི་རྣམས་ཚོས་བེད་སྤྱོད་ཚུལ་བཞིན་ཞུ་དགོས་གལ་ཆེ་སྐོར་གསུང་གི་འདུག

མཁའ་འགྲོ་ཚེ་རིང་ལགས་ཀྱིས། སྤྱི་འཐུས་སུ་ཞིག་ཕེབས་ནའང་བོད་ཀྱི་སྤྱི་དོན་ལ་རྒྱབ་སྐྱོར་ཆ་ཚང་གནང་མཁན་དང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཐད་ཕྱག་ལས་གནང་མཁན་ཕེབས་པའི་རེ་བ་གནང་གི་ཡོད་པ་གསུངས་བྱུང་།

འདི་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེན་མོའི་སྔོན་འགྲོའི་འོས་བསྡུའི་ཁྲོད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༦༠ ཡན་ཐོབ་སྟེ་དངོས་གཞི་འོས་བསྡུ་མི་དགོས་པར་སྲིད་སྐྱོང་དུ་བསྐྱར་འདེམས་བྱུང་ཡོད་ཅིང་། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་ནང་། དངོས་གཞིའི་འོས་མི་གྲངས་ ༩༣ འདུག་པ་དང་། དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་ཀྱིས་ཕྱི་ཟླ་ ༥ ཚེས་ ༡༣ ཉིན་འདེམས་ཐོན་སྤྱི་འཐུས་རྣམས་ཀྱི་མཚན་གཞུང་གསལ་བསྒྲགས་གནང་རྒྱུ་རེད་འདུག

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།