ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༡ ཉིན་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇེཕ་མེརྐ་ལི་(Jeff Merkley)དང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ (Jim Risch) གཉིས་ཀྱིས་ཨ་རིའི་གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུ་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་སུ་ཨ་མི་རི་ཀས་བོད་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་འགན་ལེན་བྱེད་དགོས་པའི་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་བཏོན་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་རཡེན་ཕེའོ་རོ་སི་ལགས་ཀྱིས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁྲིམས་འཆར་འདི་ལ་དགའ་བསུ་ཞུས་གནང་པ་དང་སྦྲགས། ཁྲིམས་འདིས་བོད་མི་མང་ཚོགས་དང་མང་གཙོའི་ལམ་ནས་བདམས་པའི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་། ཆོས་རིག་གི་འགན་འཁུར་བར་ཐད་ཀར་འབྲེལ་བ་དམ་ཟབ་དུ་གཏོང་རྒྱུ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཡིག་ཆ་གཞིར་བཟུང་བོད་མི་ཚོར་ཆོས་དང་རིག་གཞུང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རང་དབང་གི་སྒོ་ནས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པར་ལོངས་སུ་སྤྱོད་རྒྱུའི་ཐད་རྒྱབ་སྐྱོར་དང་། རྒྱ་ནག་གིས་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་སྐབས་འདིར། ཁྲིམས་འཆར་འདིས་བོད་མི་དང་བོད་མིའི་མང་གཙོའི་སྒྲིག་འཛུགས། བོད་མི་རང་ཉིད་ཀྱི་མདུན་ལམ་རང་ཐག་རང་གཅོད་བྱེད་རྒྱུའི་ཐོབ་ཐང་ལ་འགྱུར་མེད་ཀྱི་རྒྱབ་སྐྱོར་གྱི་རྣམ་པ་ཞིག་མཚོན་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཁྲིམས་འཆར་འདོན་མཁན་འཇེཕ་མརྐ་ལི་ (Jeff Merkley) ལགས་ཀྱིས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་ཆེ་མཐོང་ལ་སྐྱུར་འཇོག་བྱེད་ཐབས་མེད་ཅིང་། བོད་མིའི་གཞི་རྩའི་རང་དབང་དང་མ་འོངས་མདུན་ལམ་གྱི་ཆེད་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ལ་ཨ་རིས་རྒྱབ་སྐྱོར་ཡོད་པའི་བརྡ་ལན་གཏོང་གི་ཡོད་ཅེས་བསྒྲགས་གཏམ་སྤེལ་འདུག
དེ་བཞིན་ཁྲིམས་འཆར་འདི་གྲོས་ཚོགས་གོང་མའི་ནང་འདོན་མཁན་ཨ་རིའི་སྤྱི་མཐུན་ཆབ་སྲིད་ཚོགས་པའི་འཐུས་མི་འཇིམསི་རིཤི་ (Jims Risch) ལགས་ཀྱིས། ཁྲིམས་འཆར་འདིས་རྒྱ་ནག་གི་གཅིག་བཏུས་དབང་འཛིན་རིང་ལུགས་ལ་བོད་མིས་འཐབ་རྩོད་བྱེད་བཞིན་པར་རྒྱབ་སྐྱོར་དང་རྒྱ་ནག་གིས་རྒྱལ་ཚོགས་སུ་ཤུགས་རྐྱེན་ངན་པ་སྤྲོད་བཞིན་པར་གདོང་ལེན་བྱ་ཆེད་དུ་དམིགས་པ་ཡིན་ཞེས་གསུངས་འདུག

དེ་བཞིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱས་ཆོས་གྲུབ་ལགས་ཀྱིས་ཁྲིམས་འཆར་འདིར་ངོ་སྤྲོད་དང་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ལ་དམིགས་ནས་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གསར་པ་ལ་ངོ་རྒོལ་མཚོན་ཆེད་ཕྱི་ཟླ་ ༧ ཚེས་ ༢ ཉིན་ནེའུ་ཡོག་ཏུ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་དེས་སྤྱི་ཚོགས་ཁྲོད་སེམས་འགུལ་གསར་པ་ཞིག་ཐེབས་ནས་ཞུ་གཏུག་སོགས་ཀྱི་ལས་འགུལ་གནང་བཞིན་ཡོད་པ་དང་། ཨ་རིའི་གྲོས་ཚོགས་དང་གཞན་རྒྱབ་སྐྱོར་གནང་མཁན་ཚོས་ཐུགས་འཁུར་ཆེན་པོ་བཞེས་ནས་བོད་དོན་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་ངོ་སྤྲོད་གནང་པར་དགའ་བསུ་ཞུ་གི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
༢༠༢༦ མ་འོངས་བོད་ཀྱི་འགན་ལེན་ཁྲིམས་འཆར་ (Assuring the Future of Tibet Act of 2026) དེ་ནི་འདི་ལོ་ཕྱི་ཟླ་ ༥ ནང་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་འཇེམསི་མེཀ་གྷོ་ཝརཎ་ (Jim McGovern) ལགས་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་མཡེ་ཀལ་མེཀ་ཀོལ་(Michael McCaul) ལགས་རྣམ་གཉིས་ཀྱིས་བཏོན་པའི་ཁྲིམས་འཆར་དེ་དང་གཅིག་འགྱུར་ཡིན་ཞིང་། ཁྲིམས་འཆར་དེ་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་དུ་མདུན་བསྐྱོད་བྱས་ཡོད་ཅིང་། ད་ཆ་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་གཅིག་མཚུངས་ཞིག་དངོས་སུ་ངོ་སྤྲོད་གནང་བ་ཞིག་ཆགས་ཡོད་པ་རེད།
༢༠༢༦ མ་འོངས་བོད་ཀྱི་འགན་ལེན་ཞེས་པའི་ཁྲིམས་འཆར་གསར་པ་དེའི་ནང་གནད་དོན་གཙོ་བོ་བཞི་གླེང་ཡོད་པ་སྟེ།
༡) དབུས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བཙུགས་གནང་པའི་དབུས་བོད་མིའི་སྒྲིག་འཛུགས་དེ་མུ་མཐུད་གནས་རྒྱུ་དང་། སྒྲིག་འཛུགས་དེ་ནི་བོད་མི་མང་གི་ཁྲིམས་མཐུན་གྱི་མགྲིན་ཚབ་པ་ཞིག་མཚོན་གྱི་ཡོད་པ་སོགས་བཀོད་ཡོད་པ་རེད།
༢) མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་གནང་ཕྱོགས། དེ་བཞིན་ཁྲིམས་འཆར་འདིའི་ནང་ཨ་མི་རི་ཀའི་སྲིད་འཛིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་དེ་འབྲེལ་ལས་དོན་ཁག་གི་ནང་། དབུས་བོད་མིའི་སྒྲིག་འཛུགས་ལ་དོན་དམ་གྱི་གནས་བབ་ཅིག་སྤྲོད་དགོས་པའི་་སྐུལ་འདེད་གཏོང་རྒྱུར་ཨ་རིས་ཤུགས་རྐྱེན་སྤྲོད་དགོས་པ་གསལ་ཡོད།
༣) མཐོ་རིམ་གཞུང་འབྲེལ་གྱི་འབྲེལ་བ། ཕྱོགས་མཚུངས་ཕྱི་སྲིད་དྲུང་ཆེ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་འབྲེལ་ཡོད་འགོ་ཁྲིད་ཚོར་ཐད་ཀར་འབྲེལ་བ་བྱེད་དགོས་པ་དང་། ལྷག་པར་སྲིད་སྐྱོང་དང་སྲིད་སྐྱོང་གི་སྐུ་ཚབ་གང་ཞིག་ཨ་རིར་སྐོར་སྐྱོད་བྱེད་སྐབས་ཕྱི་སྲིད་ལས་ཁུངས་ཀྱིས་ངོས་ནས་འོས་འཚམས་ཕྱི་འབྲེལ་གྱི་སྣེ་ལེན་གནང་དགོས་པ། ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་ཁབ་གཞན་གྱི་ཕྱི་འབྲེལ་དཔོན་རིགས་ལ་གནང་སྲོལ་གཅིག་མཚུངས་ཤིག་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོར་གནང་ཕྱོགས་ལ་བསམ་གཞིགས་བྱེད་དགོས་པ་གསལ་ཡོད་ལ།
༤) ལོ་འཁོར་སྙན་ཐོ་འགོད་འབུལ།
ཕྱི་སྲིད་དྲུང་ཆེ་མཆོག་གིས་དགོས་མཁོ་འདི་དག་ལག་བསྟར་བྱེད་པའི་གྲུབ་འབྲས་ཞིབ་ཕྲ་གསལ་བའི་ལོ་འཁོར་སྙན་ཐོ་ཞིག་གྲོས་ཚོགས་སུ་འགོད་འབུལ་གནང་དགོས་ཀྱི་ཡོད་པ་བཅས་ཚུད་ཡོད།
གྲོས་ཚོགས་འཐུས་མི་ཇེཕ་མརྐ་ལི་(Jeff Merkley) ལགས་དང་ཇིམ་རིཤི་(Jim Ricsh) ལགས་གཉིས་ཀྱིས་གྲོས་ཚོཊ་གོང་མའི་ནང་ངོ་སྤྲོད་གནང་པའི་ཁྲིམས་འཆར་དེར་གྲོས་ཚོགས་གོང་མའི་འཐུས་མི་ཇེ་ཁི་རོ་སེན་(Jacky Rosen) དང་། ཊོཌ་ཡོང་(Todd Young) ཊིམ་ཀེན། (Tim Kaine) རིཀ་སིཀོཊི་(Rick Scott) བཅས་ཀྱིས་རྒྱབ་སྐྱོར་གནང་འདུག
གྲོས་ཚོགས་འཐུས་མི་ཇིམ་རི་ཤི་ནི་ལགས་ནི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་ཡིན་པ་དང་ཚོགས་ཆུང་ངོས་ནས་ད་ལྟ་ཁྲིམས་འཆར་དེར་ལྟ་ཞིབ་གནང་རྒྱུ་ཡིན་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
