བཙན་བྱོལ་ནང་གི་རང་དབང་ཞེས་པའི་ཕྱག་དེབ་ཤྲི་ལངྐའི་སིན་ཧ་ལའི་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་མགོན་པོ་༸གང་ཉིད་ཀྱི་མཛད་རྣམ་བཙན་བྱོལ་ནང་གི་རང་དབང་ཞེས་པའི་ཕྱག་དེབ་དེ་ཤྲི་ལངྐའི་སིན་ཧ་ལའི་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་འདུག་ཅིང་། ཕྱི་ཟླ་ ༨ ཚེས་ ༧ ཉིན་སི་རི་ལངྐའི་ལྷོ་ཕྱོགས་སུ་ཆགས་པའི་ Dharmashoka སློབ་ཆེན་དུ་དཔེ་དེབ་དེ་དབུ་འབྱེད་གནང་འདུག་ལ། སྐབས་དེར་སློབ་ཕྲུག་དང་ཤེས་ཡོན་ཅན། ནང་པའི་དགེ་འདུན་པ་དང་མི་མང་ ༥༠༠ ཙམ་འདུ་འཛོམས་བྱུང་འདུག

ཤྲི་ལངྐའི་བོད་ཀྱི་ནང་པ་ཚོགས་པའི་ཚོགས་གཙོ་དྷ་མན་དྷ་ པོ་རཱཇི་ (Dr. Damenda Porage) ལགས་ཀྱིས་ཕབ་སྒྱུར་ཞུས་པའི་ཕྱག་དེབ་འདིས་༧གོང་ས་མཆོག་གི་བཀའ་སློབ་དང་མཛད་རྣམ་སིན་ཧ་ལའི་སྐད་ཡིག་བེད་སྤྱོད་བྱེད་མཁན་གྱི་ནང་པ་ཚོར་ཕན་ཐོཊ་ཐུབ་པ་བྱ་རྒྱུ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་ལ་། ཕྱག་དེབ་དེ་ཕབ་བསྒྱུར་ཞུ་མཁན་ནི་ Dharmashoka མཐོ་སློབ་ཀྱི་སློབ་ཟུར་དགེ་རྒན་ཆེན་མོ་ཕ་རན་སིསི་ ཌི་ སིལ་ཝ་ (Francis de Silva) ལགས་ཀྱིས་ཕབ་སྒྱུར་ཞུས་ཏེ་ལོ་བདུན་ཙམ་འགོར་ཡོད་ཅེས་བརྗོད་བྱུང་། སྐབས་དེར་ཁོང་གི་རྩོམ་རིག་གི་བྱས་རྗེས་ལ་གཟེངས་བསྟོད་ཕུལ་བ་དང་། ནང་པའི་དགེ་འདུན་པ་དང་། ཤེས་ཡོན་ཅན། སློབ་ཕྲུག་དང་། ཤྲི་ལངྐའི་ནང་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་ཧར་ཝིན་དྷར་ སིངྒ་ (Harvinder Singh) ལགས་ཀྱིས་ཀྱང་མཉམ་ཞུགས་གནང་འདུག

Dr. Damenda Porage ལགས་ཀྱིས་ཕྱག་དེབ་འདིས་བོད་ཀྱི་སྐོར་ཙམ་མ་ཡིན་པར་རྒྱུན་དུ་མི་ཚེའི་ནང་དཀའ་ངལ་འཕྲད་པའི་སྐབས་སུ་བཟོད་སྒོམ་དང་སྙིང་རྗེ་སྒོམ་སྟངས་ཀྱི་བརྡ་ལེན་ཞིག་གནང་གི་ཡོད་པར་ངོས་འཛིན་གནང་གི་འདུག
རྩ་བའི་ཕྱག་དེབ་དེ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་སིན་ཧ་ལའི་ནང་ཕབ་བསྒྱུར་ཞུས་པ་ཐོག་མ་དེ་མིན་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་མཛད་རྣམ་ཕྱག་དེབ་དེ་ལོ་ངོ་ ༡༥ ནས་ ༢༠ ཙམ་གྱི་སྔོན་ལ་ཕབ་བསྒྱུར་ཞུས་ཡོད་ཀྱང་དེ་དུས་ཁྱབ་ཆེར་སོང་མེད་ཅེས་ པོ་རཱཇི་ (Porage) ལགས་ཀྱིས་གསུངས་བྱུང་། ཁོང་གིས་ད་ལྟ་ཕབ་སྒྱུར་ཞུས་པའི་ཕྱག་དེབ་གསར་པ་དེ་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་མི་མང་འབོར་ཆེན་ལ་ཁྱབ་ཐུབ་པར་ཡིད་ཆེས་གནང་ཀྱི་ཡོད་པ་གསུངས་བྱུང་།
ཕྱི་ལོ་ ༢༠༡༥ ལོར་ཤྲི་ལངྐའི་བོད་ཀྱི་ནང་ཆོས་ཚོགས་པ་བཙུགས་ཡོད་པ་དང་། ལོ་ལྟར་ཆོས་ཚོགས་དེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་རྩི་ཞུ་གི་ཡོད་པ་དང་། ཤྲི་ལངྐ་དང་བོད་པའི་དགེ་འདུན་པའི་བར་བགྲོ་གླེང་དང་བརྗེ་ལེན་གྱི་ལས་རིམ་གོ་སྒྲིག་ཞུས་པ་མ་ཟད། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་རྣམས་སིན་ཧ་ལའི་སྐད་ཡིག་ཐོག་སྤྱི་ཚོགས་དྲ་རྒྱའི་སྟེགས་བུ་ Adaraneeya Dalai Lama ཞེས་པའི་བརྒྱུད་ནས་པར་སྐྲུན་བྱེད་ཀྱི་ཡོད་པ་སོགས་པོ་རཱཇི་ (Porage) ལགས་ཀྱིས་ངོ་སྤྲོད་གནང་བྱུང་།
ད་དུང་༧གོང་ས་མཆོག་གི་ཕྱག་དེབ་གསར་ཤོས་ Voice for the Voiceless ཞེས་པ་དེ་སིན་ཧ་ལའི་སྐད་དུ་སྒྱུར་བཞིན་ཡོད་པའི་འབད་བརྩོན་འདི་དག་གིས་ཤྲི་ལངྐའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་། བོད་ཀྱི་ནང་ཆོས། བོད་ཀྱི་གནད་དོན་བཅས་ཀྱི་སྐོར་ལ་གོ་རྟོགས་འཕེལ་རྒྱས་གཏོང་བར་ཕན་ཐོགས་ཡོད་ཅེས་བརྗོད་བྱུང་།
སིན་ཧ་ལའི་སྐད་ཡིག་བེད་སྤྱོད་བྱེད་མཁན་ཚོར་༧གོང་ས་མཆོག་གི་མཛད་རྣམ་ཕབ་བསྒྱུར་ཞུས་པ་འདིས་༧གོང་ས་མཆོག་གི་སྐུ་ཚེའི་མཛད་རྣམ་དང་དགོངས་གཞི་རྣམས་སོ་སོའི་སྐད་ཡིག་ནང་ཐད་སྐར་ངོ་སྤྲོད་ཡོང་རྒྱུའི་གོ་སྐབས་ཞིག་ཡོད་པ་གསུངས་བྱུང་།།
